བདེ་སྐྱིད་འཚོ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-02-21
མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་ཆགས་སྟངས་སྙོམས་སྒྲིག་བྱེད་པའི་བྱ་བ་རྒྱུན་ཆད་མེད་པར་སྤེལ་བ་དང་། རོང་འབྲོག་ཕྱོགས་ཀྱི་སློབ་གྲྭ་འབྲིང་ཆུང་ལྟོས་བཅས་ཀྱིས་གཅིག་བསྡུས་བྱས་པ་དང་སློབ་མ་ཇེ་མང་དུ་སོང་བ་དང་བསྟུན་ནས། འོས་འགན་སློབ་གསོའི་དུས་རིམ་གྱི་གྲོན་དངུལ་འགན་སྲུང་ཁག་ཐེག་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པའི་ཐད་ལ་གནད་དོན་གསར་བ་འགའ་ཡང་འབྱུང་བཞིན་ཡོད་པས། ས་གནས་སོ་སོའི་བཅའ་སྡོད་སློབ་མའི་གྲངས་ཀ་ཇེ་མང་དུ་སོང་བ་ཅུང་མང་བའི་དོན་དངོས་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་ནོར་སྲིད་ལས་ཁུངས་ཀྱིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ལ་ཡར་ཞུ་བྱས་ནས་ཆོག་མཆན་བཀོད་རྗེས། མ་དངུལ་ཐད་ནས་རོགས་སྐྱོར་བྱེད་ཚད་རྒྱ་བསྐྱེད་དེ་ཁ་གསབ་ཀྱི་ཚད་གཞི་ཇེ་མཐོར་གཏོང་བ་དང་། འབྲེལ་ཡོད་སྲིད་ཇུས་ཀྱི་ནང་རྐྱེན་སོགས་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ཤུགས་ཆེན་པོས་མཚོ་སྔོན་ཞིང་ཆེན་གྱི་བཅའ་སྡོད་སློབ་མའི་འཚོ་བར་འགན་སྲུང་ཁག་ཐེག་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་རེད། གཅིག་ནས་བཅའ་སྡོད་སློབ་མའི་འཚོ་བའི་གྲོན་དངུལ་ཐད་ནས་རོགས་རམ་བྱེད་ཚད་རྒྱ་བསྐྱེད་པ་དང་། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་གཞི་ཁྱོན་ཇེ་ཆེར་བཏང་སྟེ་ཞིང་སྡེའི་བཅའ་སྡོད་སློབ་མ་ཁྲི་དྲུག་དང་སྟོང་དྲུག་འཚོ་བའི་གྲོན་དངུལ་ཁ་གསབ་རྒྱག་པའི་གཞི་ཁྱོན་དུ་འགོད་རྒྱུ་ཡིན་པ་དང་། དེའི་མ་དངུལ་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་འགན་ཁུར་རྒྱུ་རེད། གཉིས་ནས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་བཅའ་སྡོད་སློབ་མའི་འཚོ་བའི་གྲོན་དངུལ་ཁ་གསབ་རྒྱག་པའི་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། ཁུལ་དྲུག་གི་སློབ་ཆུང་གི་སློབ་མ་དང་སློབ་འབྲིང་གི་སློབ་མ་རེར་ལོ་རེར་སྒོར་མོ་ཉིས་བརྒྱ་རེའི་ཇེ་མང་དུ་གཏོང་རྒྱུ་ཡིན་ལ། ཟི་ལིང་དང་མཚོ་ཤར་ས་ཁུལ་གྱི་སློབ་ཆུང་གི་སློབ་མ་རེར་ལོ་རེར་སྒོར་མོ་ཉིས་བརྒྱ་རེའི་ཁ་གསབ་རྒྱག་རྒྱུ་ཡིན་པ་དང་སློབ་འབྲིང་གི་སློབ་མ་རེར་ལོ་རེར་སྒོར་མོ་ཉིས་བརྒྱ་དང་ལྔ་བཅུ་རེའི་ཁ་གསབ་རྒྱག་རྒྱུ་ཡིན་ལ། དེའི་ཐད་ཀྱི་མ་དངུལ་མཚོ་སྔོན་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་སྲིད་གཞུང་གིས་བསྡུར་ཚད་ལྟར་འགན་ལེན་རྒྱུ་རེད། ཁུལ་དྲུག་གི་བོད་ཁུལ་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁ་གསབ་ནང་རྐྱེན་དངོས་འབེབས་བྱེད་པའི་ཞོར་དུ་སློབ་མ་རེར་ལོ་རེར་འཚོ་བའི་ཁ་གསབ་མ་དངུལ་སྒོར་མོ་བརྒྱ་རེ་སྟེར་རྒྱུ་རེད། གོང་གི་སྲིད་ཇུས་དང་མ་དངུལ་དོན་ཐོག་ཏུ་འཁྱོལ་བ་དང་བསྟུན་ནས་མཚོ་ཤར་ས་ཁུལ་གྱི་རོང་འབྲོག་ཕྱོགས་དང་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་བཅའ་སྡོད་སློབ་མ་རེར་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལྟར། སློབ་ཆུང་ལ་སོ་སོར་སྒོར་མོ་སྟོང་གཅིག་ནས་སྟོང་གཅིག་དང་ལྔ་བརྒྱ་རེ། སྟོང་གཅིག་དང་དྲུག་བརྒྱ་རེ་སྟེར་རྒྱུ་རེད། སློབ་འབྲིང་གི་སློབ་མ་སོ་སོར་སྒོར་མོ་སྟོང་གཅིག་དང་ཉིས་བརྒྱ་དང་ལྔ་བཅུ་ནས་སྟོང་གཅིག་དང་བདུན་བརྒྱ་རེ། སྟོང་གཅིག་དང་བརྒྱད་བརྒྱ་རེ་སྟེར་རྒྱུ་རེད། གསུམ་ནས་བཅའ་སྡོད་སློབ་གྲྭའི་ཆ་རྐྱེན་ཇེ་བཟང་དུ་གཏོང་རྒྱུ་རེད། བཞི་ནས་འབྲེལ་ཡོད་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ས་དེའི་འཚོ་བའི་ཆུ་ཚད་དང་དངོས་གོང་གི་འགྱུར་ལྡོག རོང་འབྲོག་ཁྱིམ་ཚང་གི་ཡོང་སྒོའི་ཆུ་ཚད་སོགས་དོན་དངོས་གནས་ཚུལ་ལྟར། འོས་མཐུན་གྱིས་རིམ་པ་སོ་སོའི་སྲིད་གཞུང་དང་སློབ་མའི་ཁྱིམ་བདག་གིས་འགན་འཁུར་བའི་བཅའ་སྡོད་སློབ་གྲྭའི་སློབ་མའི་འཚོ་བའི་རིན་འགན་སྲུང་ཁག་ཐེག་བྱེད་པའི་བྱེད་ཐབས་གཏན་ལ་ཕབ་སྟེ། བཅའ་སྡོད་སློབ་མ་སྐྱོན་བྲལ་བའི་ངང་འཚར་ལོངས་འབྱུང་བར་ཁག་ཐེག་བྱེད་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10