བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུ་ཆར་གྱིས་བོད་རིགས་མང་ཚོགས་ཀྱི་ཚོང་ཟོང་འདུ་ཤེས་ལ་གསོན་ཤུགས་རྒྱས་སུ་བཅུག་པ་དང་། རྙེད་དཀོན་པའི་སྐབས་གླགས་བཟང་པོས་བོད་རིགས་ལས་བརྩོན་ཅན་སྐོར་ཞིག་ཕྱུག་འགྱུར་ལམ་དུ་བཙུད། འདོད་ཆུང་ཆོག་ཤེས་ཀྱི་གནས་མལ་དུ་ཡུན་རིང་གཉིད་ལ་ཤོར་བའི་བོད་པ་རྣམས་ལ་བསམ་པའི་ལྕགས་སྒྲོག་ཚལ་བར་གཏོར་ཕོད་པའི་སྤོབས་པ་དང་ངོས་ཟིན་དགོས་ཤིང་། ཁྱིམ་གཞིས་དྲོན་མོ་འཛུགས་སྐྲུན་དང་རྒྱུ་ནོར་ལོངས་སྤྱོད་གོང་དུ་སྤེལ་མཁས་པའི་སྣེ་ཁྲིད་པ་དགོས། དེང་གི་འཛམ་གླིང་གིས་ཞི་བདེ་དང་འཕེལ་རྒྱས་ཀྱི་བརྗོད་བྱ་སྲོག་ཏུ་བཟུང་ནས་དབུལ་ཕོངས་ཀྱི་ཞྭ་མོ་རྒྱང་དུ་བསྐྱུར་ལ་བྲེལ་བའི་དུས་འདིར། རང་རེའི་བོད་པ་ཚོས་ཀྱང་བསམ་པའི་ཤེས་རིག་གིས་ས་སྟེང་ཡང་རྩེ་ཟིན་པའི་ཐོག་ཏུ་དངོས་འབྱོར་ཤེས་རིག་ཀྱང་ཀུན་གྱི་རྗེས་ཆོད་པ་ཞིག་ཏུ་འབུངས་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་དུ་འཁུམས། གངས་ཅན་བོད་ཀྱི་ཁ་དཔེར། དཀའ་བའི་ལ་ཞིག་མ་བརྒྱབ་ན། །བདེ་མོའི་ཐང་ཞིག་འབྱུང་མི་སྲིད། །ཅེས་པ་བཞིན། དེ་རིང་གི་འབོལ་ཁྲི་མཐོན་པོར་འགྱིང་བའི་མི་ཆེན་དང་ཕྱུག་ཆེན་སུ་ཞིག་ཡིན་རུང་། དེ་དག་གིས་ཀྱང་ཁ་སང་གི་དཀའ་སྤྱད་སྡུག་རུས་ཤས་མི་བཟོད་པ་མྱངས་པའི་འཕྲང་ལམ་ཞིག་མ་བརྒྱུད་པ་མི་སྲིད་ཕྱིར། ད་རེབ་བདག་གི་བཅར་འདྲི་བྱ་ཡུལ་དུ་གྱུར་པ་དེ་ཡང་། རང་གི་རྣམ་དཔྱོད་ཀྱི་རྩལ་དང་འཇོན་ནུས་ལ་བརྟེན་ནས། བོད་ཀྱི་སྲོལ་རྒྱུན་ལག་བཟོའི་ཐོན་རྫས་སྣ་ཚོགས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་གྲུབ་འབྲས་གཟེངས་སུ་ཐོན་པ་སྐྲུན་མཁན་ཏེ། བོད་རིགས་ན་གཞོན་ཁེ་ལས་པ་སྒྲོལ་མ་སྐྱབས་ལགས།

མཚོ་ལྷོ་ཁུལ་བི་ཤྭ་ཀརྨ་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་ཟིའི་སྤྱི་གཉེར་པ་སྒྲོལ་མ་སྐྱབས།
སྒྲོལ་མ་སྐྱབས་ནི། 1967ལོར་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་བསེ་ཆང་བོད་སྐོར་སྡེ་བར་སྐྱེས་ཤིང་། ཡུལ་དུས་ཀྱི་དབང་གིས་ཁོ་ལ་བོད་ཡིག་སྦྱོང་བའི་སྐལ་བ་མ་སྨིན། 1983ལོར། སློབ་འབྲིང་མཐར་ཕྱིན་རྗེས། ཟི་ཁྲོན་མཱན་ཡཱང་ཨར་ལས་རྒྱུ་ཆས་བཟོ་ལས་སློབ་གྲྭར(四川绵阳建筑材料工业学校)རྒྱུགས་འཕྲོད། 1987ལོར། ཁོས་བསླབ་བྱ་མཐའ་དག་ལ་སྦྱང་འབྲས་གཡུར་དུ་ཟ་བ་བླངས་ནས་སློབ་མཐར་ཕྱིན་ཚེ། རང་ལ་འབྱོར་བའི་ཤེས་ཡོན་དང་ལག་རྩལ་གྱིས་ཕ་ཡུལ་འཛུགས་སྐྲུན་ཐད་ལ་སྲི་ཞུ་རེ་བསྒྲུབ་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པ་དྲག་པོ་ཞིག་དང་བསྡོངས་ནས་རང་ཡུལ་དུ་ཕྱིར་ལོག སྟབས་ཡག་པ་ཞིག་ལ། ལོ་དེར། ལྷ་སའི་རྒྱལ་གཉེར་ཨར་འདམ་བཟོ་གྲྭས་བཟོ་གྲྭ་རྒྱ་སྐྱེད་དུ་གཏོང་ཆེད། རྒྱལ་ཡོངས་རང་བཞིན་ནས་དེའི་ངོས་སྐལ་གྱི་ལག་རྩལ་པ་དང་ལས་བཟོ་པ་སྡུད་ལེན་བྱེད་པའི་སྐབས་དང་འཕྲད་ཅིང་། ཁོས་གློག་འཕྲིན་ལམ་ནས་འབྲེལ་གཏུག་བྱས་ཚེ། ཉིན་གཉིས་པར་ལྷ་སའི་ཨར་འདམ་བཟོ་གྲྭའི་འཁྲོལ་འཐུས་ཀྱི་བརྡ་ལན་འབྱོར་བས། ཁོ་རང་ལོ་དེ་ཉིད་དུ་རྒྱལ་གཉེར་ཨར་འདམ་བཟོ་གྲྭ་ཞིག་གི་ལག་རྩལ་པར་གྱུར།
ཆུང་དུས་ནས་རྨ་ཆུ་ལི་མའི་འགྲམ་ངོགས་ནས་ནར་སོན་པའི་སྒྲོལ་མ་སྐྱབས་ནི་མ་འོངས་རྒྱང་ལྟ་བྱེད་དགའ་བའི་བོད་རིགས་བུ་རྒོད་ཅིག་ཡིན་པར་མ་ཟད། དཔའ་ངར་མདུན་སྐྱོད་ཀྱི་བློ་སྟོབས་ཡར་ལྡན་དུ་ཚང་བའི་མི་ཞིག་ཀྱང་ཡིན། ཡུན་གྱིས་ཟད་པའི་ལོ་ངོ་བཅུ་བདུན་སྔོན་ལ་ཕྱིར་མིག་རེ་བལྟས་ན། དེ་ནི1994ལོའི་དཔྱིད་ཀ་ཞིག་ཡིན། རང་ལོ27ལ་བུད་པའི་སྒྲོལ་མ་སྐྱབས་ལ་མི་ཚེ་འདིའི་ཐེངས་དང་པོའི་མ་འོང་རྒྱང་ལྟ་བྱེད་པའི་བློ་སྤོབས་ཆེན་པོ་སྐྱེས། ཁོ་རང་ལྷ་སའི་རྒྱལ་གཉེར་ཨར་འདམ་བཟོ་གྲྭ་ནས་ལས་གནང་ཟུར་འབུད་བྱས་ཏེ། གཞིས་ཁ་རྩེ་ནས་རང་ལ་དབང་བའི་ཨར་འདམ་བཟོ་གྲྭ་ཆུང་བ་ཞིག་བཙུགས་ཤིང་། དུས་དེར་རང་ཉིད་ཨར་འདམ་ལས་རིགས་ཐད་ཀྱི་ལག་རྩལ་པ་རྐང་འཛིན་པ་ཞིག་ཡིན་པའི་ཆ་ནས། ཁོ་ལ་ཨར་འདམ་ཚོང་རའི་ཐད་གདེང་ཚོད་དང་བདག་གཉེར་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། རང་གི་ལས་རིགས་དེའི་ངོས་སྐལ་གྱི་ལག་རྩལ་དང་ཆུ་ཚད་ལའང་ཡིད་ཆེས་ཆེན་པོ་ཡོད། ཨར་འདམ་བཟོ་གྲྭ་ཆུང་བ་དེ་བཙུགས་ནས་ཐོན་སྐྱེད་བྱེད་མགོ་ཚུགས་རྗེས། ཚོང་རྒྱུགས་པ་ཧ་ཅང་བཟང་སྟབས། ལོ་གཞོན་སྒྲོལ་མ་སྐྱབས་ཀྱིས་སྐབས་དེར་ཁོའི་མི་ཚེའི་ཐོག་ནས་གཏེར་སྒམ་ཐོག་མའི་ཁ་འབྱེད་སྒོ་བརྩམས།
དུས་ཡུན་ཁད་ཀྱིས་ཟད་པའི་ལོ་དགུའི་ཉི་ཟླའི་འཆར་ནུབ་དེ་སེལ་གོལ་གཏོགས་དང་མཚུངས། གདམ་གསེས་བྱ་དཀའ་བའི་དོན་དག་ཅིག་གིས་ཡང་བསྐྱར་ཁོ་ལ་ཉམས་ཚོད་ཐེངས་ཤིག་བླངས། 2003ལོར། ཕྱོགས་མང་པོའི་རིགས་པའི་མཐའ་དཔྱོད་བརྒྱུད་རྗེས། སྒྲོལ་མ་སྐྱབས་ཀྱིས་ལྷ་ས་ནས་བོད་ལུགས་ས་གདན་བཟོ་གྲྭ་ཞིག་བཙུགས། དེ་ནི་ངོ་མའི་ཁྱད་མཚར་བའི་དོན་ཞིག་ཡིན། ཨར་འདམ་ལས་རིགས་ཤིག་ནས་བོད་ལུགས་ས་གདན་ལས་རིགས་ཤིག་ཏུ་གནས་བསྒྱུར་བ་ནི་ཕལ་ཆེར་ར་མགོར་ལུག་སྦྱོར་གྱི་ཚུལ་དུ་སོང་ཡོད་ལ། དུས་དེར་སྒྲོལ་མ་སྐྱབས་ལ་མཚོན་ནའང་ཁོ་ལ་བོད་ཀྱི་ས་གདན་ཕྱོགས་ནས་ཤེས་བྱ་ཏིལ་འབྲུ་ཙམ་ཡང་མེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་བེ་ཡིས་བི་ཤྭ་ཀརྨ་ཀུང་ཟི་ལ་གཟིགས་ཞིབ་གནང་བཞིན་པ།
ཀུང་ཟིའི་སྤྱི་གཉེར་བ་སྒྲོལ་མ་སྐྱབས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་ཅི་ཏེ་མཱ་ཅ་དང་ཞིང་ཆེན་རིག་གནས་ཐིན་གྱི་ཐིན་ཀྲང་ཚོ་ཕཱིན་རྣམ་གཉིས་ལ་ཀུང་ཟིའི་ཐོན་རྫས་མཚམས་སྦྱོར་བྱེད་བཞིན་པ།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གྱིས་བི་ཤྭ་ཀརྨ་ཀུང་ཟིའི་གཙགས་དྲུབས་ཐོན་རྫས་ལ་གཟིགས་བཞིན་པ།
2012ལོའི་གནམ་ལོ་གསར་བ་འཆར་ལ་ཉེ་དུས། གསར་འགོད་པ་ཆེད་དུ་ཟི་ལིང་རིག་གནས་སྒྱུ་རྩལ་གླིང་ལ་བཅར་འདྲིར་ཕྱིན་ཚེ། སྒྲོལ་མ་སྐྱབས་ཀྱིས་ཁོའི་མི་ཚེའི་ཁྲོད་ཀྱི་ལས་སྐལ་བསྒྱུར་བ་ལ་ཕྱིར་དྲན་བྱེད་པའི་ཚུལ་དུ་བཤད་རྒྱུར། ལྷ་སར་ཡོད་པའི་ལོ་ཟླ་དེ་དག་གི་ནང་། ནང་ལོགས་ཀྱི་གྲོགས་པོ་རྣམས་རྒྱུན་དུ་བོད་ལྗོངས་སུ་གནས་སྐོར་དུ་ཡོང་ན། ངས་ཀྱང་ནམ་རྒྱུན་ཁོ་ཚོ་བོད་ཀྱི་ས་གདན་ཉོ་རུ་ཁྲིད་པ་ཡིན་ལ། ས་གདན་གྱི་ཚོང་ལམ་བཟང་བ་མཐོང་རྗེས། ད་གཟོད་ངས་ལས་རིགས་དེ་བདམས་པ་ཡིན་ཞེས་ཟེར།
མི་ཚེའི་ཁྲོད་ནམ་ཡང་གསང་བ་ལྐོག་གྱུར་གྱི་རིམ་པ་མང་ཕྱིར། ང་ཚོས་མ་འོང་སྔོན་དཔག་བྱེད་དཀའ་ལ། གསང་བ་ལྐོག་གྱུར་དེས་དཀྱོགས་མཚམས་གང་ཞིག་ནས་ང་ཚོའི་མི་ཚེའི་འཁོར་ཕྱོགས་ལ་ཤན་ཤུགས་བཟོ་བའང་ཤེས་ཐབས་ཡེ་ནས་བྲལ། ཡིན་ནའང་།2003ལོར་ལས་སྐལ་བསྒྱུར་བ་དེ། སྒྲོལ་མ་སྐྱབས་ཀྱི་མི་ཚེའི་ལས་དབང་གི་དཀྱོགས་མཚམས་ཆེན་པོ་ཞིག་ཏུ་གྱུར་པར་མ་ཟད། དེ་ལ་བརྟེན་ནས་ཁོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ལམ་བུ་ཞིག་ཀྱང་བཏོད་པ་རེད།
2008ལོར། རང་ལོ42ལ་བུད་པའི་སྒྲོལ་མ་སྐྱབས་བོད་ལྗོངས་ནས་ཕྱིར་མཚོ་སྔོན་དུ་ལོག་ཅིང་། ལོ་ངོ་ལྔ་ལ་བོད་ཀྱི་ས་གདན་ཐོན་སྐྱེད་བདག་གཉེར་བྱས་པ་བརྒྱུད། ཁོ་ལ་བོད་རིགས་དམངས་ཁྲོད་ལག་བཟོའི་སྒྱུ་རྩལ་ཐོན་རྫས་ལ་སྤྲོ་སྣང་ཆེན་པོ་སྐྱེས་པ་དང་། ལས་རིགས་ལ་བྱང་ཆ་ལྡན་ཞིང་ཉམས་མྱོང་ཡོད་མཁན་རྣམས་ལ་བཀའ་འདྲི་དང་རྟོག་ཞིབ་བྱས་པ་བརྒྱུད་ནས། ཁོའི་མིག་དབང་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་གཙགས་དྲུབས་སྒྱུ་རྩལ་ཐོག་འཁོར་བ་རེད།
སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར། མཚོ་སྔོན་རྨ་ལྷོ་ཁུལ་ནི་རེབ་གོང་སྒྱུ་རྩལ་གྱི་ཞིང་ཁམས་ཡིན་མོད། འོན་ཀྱང་མཚོ་ལྷོ་ཁུལ་ནི་བོད་ཀྱི་གཙགས་དྲུབས་སྒྱུ་རྩལ་གྱི་ཕ་ས་ཡིན་ཞེས་བཤད་ཆོག རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་གཙགས་དྲུབས་ཁྲོད་ངས་བལྟས་ན་བོད་ཀྱི་གཙགས་དྲུབས་ལ་ཁྱད་ཆོས་ཤིན་ཏུ་མང་པོ་ལྡན། ཐོག་མར་དེ་ལ་ཁབ་སྐུད་ལེན་ཐབས་བཅུ་ཕྲག་འགའ་ཡོད་པས། ང་ཚོའི་ཡོངས་གྲགས་ཀྱི་གཙགས་དྲུབས་ཆེན་པོ་བཞིའི་ཕན་ཆད་ནས། ཀྲུང་གོའི་གྲངས་ཉུང་མི་རིགས་ནང་ཁུལ་གྱི་ཟུར་ངོས་ནས་གླེང་ཡང་། བོད་ཀྱི་གཙགས་དྲུབས་ནི་ཁབ་སྐུད་ལེན་ཐབས་ཆེས་མང་ཞིང་ལོ་རྒྱུས་ཆེས་རིང་བ་ཞིག་ཡིན། མིག་སྔར་གྱི་འཕེལ་རྒྱས་གནས་ཚུལ་ལ་བལྟས་ན། དེའི་ལག་ཐབས་མཚོན་སྟངས་ཧ་ཅང་ཕྱུག བོད་ཀྱི་གཙགས་དྲུབས་ཀྱིས་རི་མོ་ལྷང་མངོན་ལ་དང་དོད་བྱེད་ཅིང་། སྣང་བརྙན་མཐའ་དག་ལ་གསོན་ཉམས་ལྡན། དེའི་ཆེས་ཆེ་བའི་ཁྱད་ཆོས་ནི་ཚོན་མདངས་མ་འདྲེས་ཤིང་། འཐག་ལས་པ་ཚོས་ཚོན་སྐུད་བཀོལ་སྟངས་རང་དབང་ཅན་ཡིན་པས། བློ་སྤོབས་ཤིན་ཏུ་ཆེ། བོད་ཀྱི་གཙགས་དྲུབས་ཀྱི་ཆེས་ཆེ་བའི་ཁྱད་ཆོས་ནི་གདོད་མའི་རང་མདངས་གསལ་ལ་བབ་ཆགས་པ་ཞིག་ཡིན་པས། གཙགས་དྲུབས་བརྩམས་ཆོས་རེ་རེ་ལས་གནའ་བོའི་རྗེས་ཤུལ་མངོན་ཐུབ་ཅིང་། འབྱམས་ཀླས་པའི་རྩྭ་ཐང་གི་གཟི་ཤུགས་མངོན་ཡོང་། དེ་འདྲའི་རིག་གནས་ནི་ལོ་ངོ1300ལྷག་གི་སྔོན་ནས་བཟུང་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདིའི་ཐོག་ཏུ་དར་ཁྱབ་ཤིན་ཏུ་ཆེ། སྐབས་དེར། ངས་མཚོ་སྔོན་གྱི་བོད་ཀྱི་གཙགས་དྲུབས་འཕེལ་རྒྱས་དང་མདུན་ལྗོངས་བཟང་བ་མཐོང་སོང་ཟེར།

ཟི་ལིང་གི་རྒྱལ་བཙུགས་ལམ་དུ་ཡོད་པའི་བི་ཤྭ་ཀརྨའི་ཡན་ལག་ཀུང་ཟི།
ཟི་ལིང་གི་རྒྱལ་བཙུགས་ལམ་དུ་ཡོད་པའི་བི་ཤྭ་ཀརྨའི་ཡན་ལག་ཀུང་ཟི།
ཟི་ལིང་གི་རྒྱལ་བཙུགས་ལམ་དུ་ཡོད་པའི་བི་ཤྭ་ཀརྨའི་ཡན་ལག་ཀུང་ཟི།
2008ལོའི་ཟླ10པར། མཚོ་ལྷོ་ཁུལ་བིཤྭ་ཀརྨ་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་འགན་ལེན་ཀུང་ཟི་ཞེས་པ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བཙུགས་པས། དེ་ནི་སྒྲོལ་མ་སྐྱབས་ཕྱིར་ཕ་ཡུལ་དུ་ལོག་རྗེས་སུ་རང་གིས་རང་ལ་སྤྲད་པའི་རྒྱུགས་ཤོག་ཐེངས་དང་པོ་རེད། ཀུང་ཟི་དེའི་ཐོ་འགོད་མ་རྩ་སྒོར་ཁྲི300ཡིན་པ་དང་། འཛུགས་སྐྲུན་གཞི་ཁྱོན་ལ་མུས་གྲུ་བཞི་མ1680ཡོད། ཀུང་ཟིའི་ནང་གཙོ་བོར་བོད་ཀྱི་གཙགས་དྲུབས་དང་། བོད་རིགས་དམངས་ཁྲོད་ཀྱི་ལག་བཟོའི་ཐོན་རྫས་སོགས་ཐོན་སྐྱེད་བྱེད་ཀྱིན་ཡོད་ལ། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་། ཀོས་ནན་རྫོང་། ཁྲི་ཀ་རྫོང་། ཆབ་ཆ་རྫོང་། ཀན་སུའུ་ཞིང་ཆེན་གྱི་བསང་ཆུ་རྫོང་བཅས་སུ་ཀུང་ཟི་རང་གི་ཐོན་རྫས་ཐོན་སྐྱེད་དང་ཚོང་གཉེར་བྱེད་སའི་ཡན་ལག་ཀུང་ཟི་ལྔ་བཙུགས་ཡོད་ཅིང་། ཐོན་སྐྱེད་རྟེན་གཞི་བཅུ་བཙུགས་ཡོད། ད་ལྟ་ཀུང་ཟི་རྩ་ལག་དང་བཅས་པ་ལ་བསྡོམས་པས་རྒྱུན་གླ་དང་ཉིན་གླ་རྒྱག་པའི་ལས་བཟོ་པ360ཡོད་པས། སྤྱི་ཚོགས་སྟེང་གི་ལས་སྒུག་པ་ངེས་ཅན་ཞིག་ལ་ལས་ཞུགས་ཀྱི་བགོ་སྐལ་བསྩལ་ཡོད།
པེ་ཅིན་དང་ཧྲང་ཧེ། ལྷ་ས་དང་ཧྲིན་ཀྲིན། རྒྱ་ནག་རི་བོ་རྩེ་ལྔ་སོགས་སུ་ཐོན་རྫས་ཚོང་ར་བཙུགས་ཡོད་པར་མ་ཟད། ཚོང་རྫས་རྣམས་ཨ་མེ་རི་ཁ་དང་ཧྥ་རན་སི། འཇར་པན་སོགས་ཕྱིའི་རྒྱལ་ཁབ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་བཅས་ལ་ཐོན་ཡོད།
ཁོས་བོད་ལྗོངས་ནས་ལོ་མང་ཞིག་ལ་འཚོ་བ་དང་བྱ་བ་བསྒྲུབས་མྱོང་བའི་སྟབས་ཀྱིས། ཁོ་ལ་བོད་ལྗོངས་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་ཚོང་རའི་ཐད་ཅུང་ཟད་བྱང་ཆ་ཆེ་ཞིང་རྒྱུས་མངའ་ལྡན་ལ། ཁྱད་པར་དུ་ཚོང་ར་བདག་གཉེར་ཐད་ནས། ཁོ་ལ་རང་གི་ཚུགས་ཐུབ་ཀྱི་བསམ་བློ་ཞིག་ཆགས་ཡོད།
སྒྲོལ་མ་སྐྱབས་ཀྱིས་མཚོ་ལྷོ་ཁུལ་ནས་བོད་ཀྱི་གཙགས་དྲུབས་ཀུང་ཟི་དེ་བཙུགས་པའི་དུས་མཚུངས་སུ། ཟི་ལིང་གྲོང་ཁྱེར་ནས་ཀྱང་དེ་འདྲའི་འོས་འགབ་ཆེ་བའི་ཚོང་ར་ཞིག་འཛུགས་ཨེ་ཐུབ་ལ་ཧུར་ཐག་གིས་འཚོལ་ཞིབ་བྱས།
2009ལོའི་ཟླ6ཚེས19ཉིན། མ་དངུལ་སྒོར་ཁྲི86བཏང་སྟེ་ཟི་ལིང་གྲོང་ཁྱེར་གྱི་རླངས་འཁོར་ས་ཚིགས་དང་ཁད་ཐག་ཉེ་བའི་རྒྱལ་བཙུགས་སྲང་ལམ་དུ“ཟི་ལིང་བོད་ཀྱི་རིག་གནས་སྒྱུ་རྩལ་གླིང”ཞེས་པ་བཙུགས་ནས་བདག་གཉེར་བྱེད་མགོ་ཚུགས་ཤིང་།ཡང་2011ལོར་མ་དངུལ་སྒོར་ཁྲི30བཏང་ནས་རྒྱ་བསྐྱེད། རིག་གནས་སྒྱུ་རྩལ་གླིང་དེའི་ནང་གཙོ་བོར་བོད་ཀྱི་གཙགས་དྲུབས་སྐོར་ཚོང་གཉེར་བྱེད་ཀྱིན་ཡོད་དེ། ཚོན་རིས་ཐང་ག་དང་། དྲས་དྲུབས། རྡོ་རྐོས། བོད་ལུགས་ཁྱིམ་ཆས་སྐོར་དང་། འཁེལ་ཐག་ཐོན་རྫས། བོད་ཀྱི་ས་གདན། པགས་རིགས་ཐོན་རྫས་སྐོར། བོད་ལུགས་ཁྱིམ་སྤྱོད་གློག་ཞུ་སྐོར། རྨ་ཆུའི་མཚར་རྡོ་བཟོ་རྩལ་སོགས་བོད་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་སྣ་ཁ་ཉི་ཤུ་ལྷག་ཡོད། དེའི་ནང་བོད་ཀྱི་གཙགས་དྲུབས་སྣ་ཚོགས་དང་། ཐང་ག་ཆེ་ཆུང་རིགས་ཕྱོགས་བཞིའི་ལྡེབས་ངོས་སུ་བཀལ་ཡོད་ལ། ལྷ་སྐུ་དང་། ཤིང་སྲེག་རི་མོ། བོད་ཀྱི་ཡིག་གཟུགས་སྣ་ཚོགས་སོགས་འགྲེམ་སྟེགས་ཐོག་ཕན་ཚུན་གོ་མ་འཛོལ་བར་བཤམས་ཡོད་ཅིང་། བོད་སྤོས་ཀྱི་དྲི་ངད་སྲབ་མོ་དེ་དྭངས་གཙང་གི་མཁའ་དབུགས་རྒྱུ་ཕྱོགས་དང་བསྟུན་ནས་སྣ་ལམ་དུ་འཐུལ་འོངས་པ་དང་། སྙན་ཞིང་འཇེབས་ལ་ལྷོད་ཤ་ཆེ་བའི་བོད་གཞས་སྙན་ལམ་དུ་འཐིམས་ཚེ། སྒྱུ་རྩལ་གླིང་གི་ཞིང་ཁམས་སུ་ཚོར་བདེ་སིམ་པོའི་མལ་དུ་གཟིམ་འདྲའི་བདག་ལ། བོད་ཀྱི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་ལ་ངའོ་སྙམ་པའི་བསམ་པ་དང་ཡིད་འགུལ་མཚོ་མོའི་རླབས་བཞིན་བརྡོལ།
སྒྲོལ་མ་སྐྱབས་ལ་ལབ་གླེང་བྱས་པའི་ཁྲོད། ཁོ་ནི་མི་དན་ཅན་ཞིག་དང་མི་ཁོག་རྒྱ་ཅན་ཞིག་ཡིན་པ་ཚོར། ཚོང་ཟོང་གི་འདུ་ཤེས་ཆེ་ཞིང་ཚོང་གཉེར་གྱི་ཉམས་མྱོང་ཟབ་པའི་བོད་རིགས་ན་གཞོན་དེས་ཐོག་མཐའ་བར་གསུམ་དུ་ཐུག་སྒམ་པོའི་རྣམ་པ་སྲུང་འཛིན་བྱས་ནས་འདུག ཁ་བརྡ་བྱེད་སྐབས་ནམ་ཡང་བབ་ཆགས་ཤིང་གསོང་བོར་སྨྲ་དགའ་བ་ཞིག་ལས། རང་ཉིད་འུད་བསྟོད་བྱེད་པའི་ཚིག་ཟུར་ཙམ་ཡང་ཐོན་མི་སྲིད། གཞི་ཁྱོན་ཆེ་ཞིང་ཐོན་རྫས་ཀྱི་སྣ་འཛོམས་པ། གྲངས་ཀ་མང་ཞིང་རྒྱུ་སྤུས་བཟང་བ་བཅས་ནི། སྒྲོལ་མ་སྐྱབས་ཀྱིས་ཚོང་ར་ཆེན་པོ་ལ་བླངས་པའི་གོ་བ་དང་ཀུང་ཟི་ལ་འཛིན་པའི་གནས་ཐིག་གཏན་ཁེལ་རེད་ལ།“སྤུས་ལེགས་བཟོ་སྐྲུན་དང་། ཕུལ་བྱུང་འཚོལ་སྙེག ཟོལ་མེད་རོགས་རེས་དང་། ཐུན་མོང་འཕེལ་རྒྱས།”བཅས་ནི་ཀུང་ཟི་སྤྱིའི་ནམ་ནམ་ཞར་ཞར་དུ་སྒྲོག་པའི་ཁ་གཡང་རེད།
ཁ་བཤད་ཆུ་ཡི་ཝུ་བ་དང་། །ལག་ལེན་གསེར་གྱི་ཐིགས་པ་ཟེར་བ་བཞིན། ཁོ་ཚོས་ཐོན་རྫས་ཀྱི་རྒྱུ་སྤུས་དང་ཚོང་རའི་དོ་དམ། ལས་བཟོ་པའི་ཞབས་ཞུ་སོགས་སྣ་སྒོ་མོ་ནས་དམ་འཛིན་ལྷོད་མེད་བྱས་སྟབས། ཀུང་ཟིའི་ཁ་ལས་རླུང་རྟ་དགུང་ལ་སྐྱོད་མགོ་ཚུགས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་བེས་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུའི་པུའུ་ཀྲང་ཅི་ཏེས་མ་ཅཱ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་སོགས་མགོ་ཁྲིད་པ་རྣམས་ཀྱང་སྔ་རྗེས་སུ་ཁོ་ཚོའི་ཀུང་ཟིའི་ནང་བྱ་བ་དང་ཐོན་རྫས་ལ་གཟིགས་ཞིབ་ཏུ་ཕེབས་ནས་བསྔགས་བརྗོད་རྟིང་སྐུལ་སྤེལ་མར་གནང་མྱོང་།
ཀོས་ནན་རྫོང་དུང་དཀར་བོད་ཀྱི་གཙགས་དྲུབས་ཐོན་རྫས་ལ། 2008ལོར་མཚོ་སྔོན་ཞིང་ཆེན་ལྗོངས་རྒྱུ་ཅུའུ་ཡིས“མཚོ་སྔོན་གྱི་ཁྱད་ལྡན་ཚོང་རྫས་བྱ་དགའ།”འཐོབ་པར་མ་ཟད། 2009ལོར། མཚོ་སྔོན་ཞིང་ཆེན་རིག་གནས་ཐཱིན་གྱིས་གནས་དེ“ཞིང་ཆེན་རིག་གནས་ཐོན་ལས་དཔེ་སྟོན་གླིང་།”དུ་གཏན་ཁེལ་བྱས།
2011ལོའི་ཟླ1པོར། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་མཚོ་ལྷོ་ཁུལ་བིཤྭ་ཀརྨ་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་འགན་ལེན་ཀུང་ཟི་ལ“མཚོ་སྔོན་ཞིང་ཆེན་ཐོན་ལས་ཅན་གྱི་དབུལ་སྐྱོར་ཁེ་ལས་གཙོ་བོ།”ཞེས་པའི་མཚན་སྙན་བསྩལ།
2011ལོའི་ཟླ7པར། ཀུང་ཟིའི་མི་རིགས་ལག་བཟོའི་རིག་གནས་ཐོན་རྫས(གཙགས་དྲུབས།)ཨ་མེ་རི་ཁར་ཕྱིར་ཚོང་བྱས་པས། དེ་ནི་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་མཚོན་ན་མི་རིགས་རིག་གནས་ཐོན་རྫས་ཐད་ནས་ཕྱིར་ཚོང་བྱས་པ་ཐེངས་དང་པོ་ཡིན།
2012ལོར། མ་དངུལ་སྒོར་ཁྲི650རི་བའི་བི་ཤྭ་ཀརྨ་བོད་ཀྱི་སྒྱུ་རྩལ་གླིང་དེ་ཁྲི་ཀ་རྫོང་ནས་ས་འབྱེད་ལས་མགོ་རྩོམ་རྒྱུ་རེད། ལས་གྲུབ་བྱུང་རྗེས། སྒྱུ་རྩལ་གླིང་དེའི་ནང་རྒྱུད་རིམ་ལྡན་ཞིང་ཆ་ཚང་བའི་སྒོ་ནས་བོད་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་ལས་རིམ་རྣམས་ཇི་བཞིན་དུ་ཀུན་གྱི་མིག་ལམ་དུ་བསྟར་རྒྱུ་ཡིན་པས། གནས་འགྲུལ་པ་ཚོར་ཚགས་དམ་ཞིང་རྙེད་དཀོན་པའི་ཐོན་རྫས་རིགས་མཐོང་དུ་འཇུག་པར་མ་ཟད། དེ་ལས་ཀྱང་མཐོང་ལམ་ཉེ་མོའི་སྒོ་ནས་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་ཐུན་མིན་སྒེར་ཆོས་ཀྱི་འགུག་ཤུགས་རོལ་མྱོང་བྱེད་དུ་འཇུག་རྒྱུ་རེད། སྒྱུ་རྩལ་གླིང་དེས“རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། ཐོན་ལས་དཔེ་སྟོན། གསར་བཏོད་ལྗོངས་རྒྱུ། ཁོར་ཡུག་མཛའ་མཐུན། སྤྱི་ཚོགས་ཕྱིར་འཇལ།”བཅས་ཀྱི་བརྗོད་སྙིང་ཆེན་པོ་ལྔ་ལ་དམིགས་ནས། རྟེན་གཞི་ལྔ་གནད་སར་བཞག་སྟེ་ལས་རྒྱུ་རེད།
སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར། ང་ཚོ་བོད་པ་རྣམས་ལ་མི་རིགས་གཞན་དང་འདྲ་བར་ཚོང་ཟོང་འདུ་ཤེས་ཞན་ཅིང་། བདག་གཉེར་བྱེད་ཕྱོགས་ཀྱི་ཉམས་མྱོང་མེད་པའི་སྟེང་། དཀའ་སྤྱད་སྡུག་རུས་བྱེད་འདོད་དེ་བས་ཆུང་སྟབས། ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་བོད་ཀྱི་ཚོང་དཔོན་འདི་དང་ཁེ་ལས་པ་གྲགས་ཅན་འདི་ཞེས་མཛུབ་མོ་འཛུགས་ས་གཏན་ནས་མེད། འདི་ཚང་མ་སྲོལ་རྒྱུན་གྱི་ལྟ་བ་མཁྲེགས་འཛིན་བྱས་ཐལ་ཆེ་ཞིང་། རྒྱུ་ནོར་ལོངས་སྤྱོད་སྒྲུབ་པར་མཐོང་ཆུང་བྱས་ཐལ་དྲག་པས། ཚོང་བའི་བརྟུལ་ཞུགས་འཛིན་པ་དེ་ཡང་བྱ་བ་ཀུན་གྱི་ཐ་མར་བརྩི་བ་རེད། དགའ་འོས་པ་ཞིག་ནི། ད་ལྟ་བོད་པ་སྤྱིའི་བསམ་བློར་བཅིངས་འགྲོལ་འཐོབ་ནས། རང་རང་ས་ན་རང་ནུས་ཅི་ལྕོགས་ཀྱིས་ཚོང་ལ་འཁོར་བའམ་ཡང་ན་ཐབས་སྣ་ཚོགས་ཀྱིས་ཡོང་སྒོ་འཚོལ་བའི་ལམ་དུ་ཞུགས་འདུག ལྷག་པར་དུ་ང་ཚོའི་བོད་ལ་བཟོ་ཚོང་ཁེ་ལས་བསྒྲུབ་པའི་ཐད་ཀྱི་ཤེས་བྱའམ་གཞུང་ལུགས་སྟོན་པ་དེ་སྟོང་ཆ་ལྟ་བུར་ལུས་འདུག་ཕྱིར། ངས་ད་ལྟ་ཁ་བྱང་ལ《ཁེ་ལས་གསར་བའི་བྱུང་ཁུངས་དང་འཕོ་འགྱུར།》(ཨ་མེ་རི་ཁའི་བཟོ་ཚོང་དོ་དམ་རབ་འབྱམས་པ།)(MBA—美国工商管理硕士)ཞེས་པའི་དཔེ་དེབ་ཅིག་བོད་ཡིག་ལ་བསྒྱུར་ཏུ་བཅུག་ནས་ཚར་ལ་ཉེ་ཞིང་། དེའི་མགོ་མཇུག་གི་འགྲོ་གྲོན་ལ་མ་དངུལ་སྒོར་ཁྲི10བཏང་ཡོད་པས། དེ་ནི་ང་ལ་མི་ཚེ་འདིར་བོད་ཡིག་སློབ་པའི་སྐལ་བ་མ་བྱུང་བའི་ཁ་གསབ་ཏུ་བྱས་པ་ཡིན་ཟེར་ཡང་ཆོག མི་རབས་རྗེས་མ་རྣམས་ལ་ཉམས་མྱོང་ཟུར་ལྟའི་དཔྱད་གཞི་ཙམ་ཞིག་འདོན་སྤྲོད་བྱས་པ་ཡིན་ཟེར་ཡང་རུང་། དེ་ཉིད་ལེགས་གྲུབ་བྱུང་ཚེ་དེས་བོད་ཕྱི་རབས་པ་རྣམས་བཟོ་ཚོང་ལས་རིགས་སུ་འཇུག་པར་ཕྱོགས་སྟོན་འཁོར་ལོ་ལྟ་བུར་འགྱུར་བར་གདོན་མི་ཟ་ཟེར།
དུས་ཚོད་འགའི་བཅར་འདྲིའི་ཁྲོད། སྒྲོལ་མ་སྐྱབས་ཀྱི་ཚོང་གཉེར་གཏམ་རྒྱུད་རེ་རེས་བདག་གི་ཡིད་མཚོ་འོ་མ་བཞིན་དུ་བསྲུབས། བརྒྱ་བསྲུབས་སྟོང་གི་མར་ལོ་ཡང་འབྲས་བུས་ཁུར་གྱིས་ལྕི་བའི་བོད་རིགས་ཁེ་ལས་པ་དག་གི་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ། །
མཚོ་ལྷོ་ཁུལ་བི་ཤྭ་ཀརྨ་ཀུང་ཟི་ཀོས་ནན་ཡན་ལག་ཀུང་ཟིའི་ལས་བཟོ་བ་ཚོས་གཙགས་དྲུབས་བྱེད་ཚུལ།