ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རྒྱང་སྒྲོག་བརྙན་འཕྲིན་ཕལ་ཆེར་ཁྱིམ་ཚང་ཚང་མས་ཉན་ཐུབ་པ་དང་བལྟ་ཐུབ་པ་མངོན་འགྱུར་འབྱུང་རྒྱུ་རེད།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-02-08
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རྒྱང་སྒྲོག་བརྙན་འཕྲིན་སྡེ་བ་ཚང་མར་གཏོང་བའི་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཟླ2པའི་ཚེས6ཉིན་པེ་ཅིན་དུ་བསྡུས་ནས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་སྡེ་བ་ཚང་མར་རྒྱང་སྒྲོག་བརྙན་འཕྲིན་ཉན་ཐུབ་པ་དང་བལྟ་ཐུབ་པའི་བཟོ་བསྐྲུན་ལས་འགན་བཀོད་སྒྲིག་བྱས་ཤིང་། གློག་ཡོད་པའི་ཁྱིམ་ཚང20ཡི་མན་ཆད་ཀྱི་རི་སྡེའི་ཁེབས་ཚད་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱེད་པ་དང་། མཐོ་སྒང་གི་སྐུད་མེད་བརྒྱུད་གཏོང་ས་ཚིགས་ཀྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་ལེགས་བསྒྱུར་དང་། ཧུར་ཐག་སྒོས་ཐད་གཏོང་འཁོར་སྐར་རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུ་ལ་སྐུལ་འདེད་བྱས་ནས་རྒྱང་སྒྲོག་བརྙན་འཕྲིན་ཕལ་ཆེར་ཁྱིམ་ཚང་རེ་རེས་ཉན་ཐུབ་པ་དང་བལྟ་ཐུབ་པར་མངོན་འགྱུར་འབྱུང་དུ་འཇུག་དགོས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལས་འགན་གསལ་བོ་ཡིན་པ་དང་། ཕྱོགས་ཡོངས་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་སྡེ་རེ་རེར་མངོན་འགྱུར་བྱེད་པའི་བྱ་བར་སྐུལ་འདེད་གཏོང་དགོས། གཅིག་ནས་སྡེ་བ་སོ་སོ་ནས་ཁྱིམ་ཚང་རེ་རེར་མངོན་འགྱུར་བྱ་དགོས་ལ། ཐད་གཏོང་འཁོར་སྐར་ཁེབས་ཚད་གཙོ་གནད་དུ་བཟུང་ནས་སྐུད་ལྡན་འོད་འཁྲིད་དྲ་སྦྲེལ་དང་ས་ངོས་སྐུད་མེད་གྲངས་འཛིན་བརྙན་འཕྲིན་གཅིག་གྱུར་འཆར་འགོད་བྱས་ནས་རྒྱང་སྒྲོག་བརྙན་འཕྲིན་ཁྱིམ་ཚང་སོ་སོས་ཉན་ཐུབ་པ་དང་བལྟ་ཐུབ་པ་མངོན་འགྱུར་བྱ་དགོས། གཉིས་ནས་སྡེ་བ་རེ་རེར་མངོན་འགྱུར་བྱུང་བ་ནས་སྔར་ལས་བཟང་བའི་སྒོ་ནས་རྒྱ་ཆེའི་ཞིང་སྡེ་མང་ཚོགས་རྣམས་ཀྱིས་རླུང་འཕྲིན་ལ་ཉན་ཐུབ་པ་དང་བརྙན་འཕྲིན་ལ་བལྟ་ཐུབ་པ། རྒྱང་སྒྲོག་བརྙན་འཕྲིན་ལ་ལེགས་པར་ཉན་པ་དང་བལྟ་ཐུབ་པར་བྱ་དགོས། གསུམ་ནས་སྡེ་བ་རེར་མངོན་འགྱུར་བྱུང་བ་ནས་ཡུན་རིང་དུ་བརྟན་པར་བྱ་དགོས་ལ། རིམ་དགར་འགན་ལེན་རྩ་དོན་ལྟར། སྡེ་བ་རེ་རེ་མངོན་འགྱུར་བྱེད་པའི་ཐུན་མོང་ནོར་སྲིད་འགན་ལེན་ལམ་ལུགས་ལེགས་པར་བཙུགས་ནས་དོན་བཟང་ལེགས་པར་བསྒྲུབ་པ་དང་དོན་དངོས་ལྟར་བསྒྲུབ་པར་ཁག་ཐེག་བྱ་དགོས། །