བོད་ཀྱི་མཁས་པ་དབང་གྲགས་ཀྱིས་བརྩམས་པའི་གེ་སེར་རྒྱལ་པོའི་སྒྲུང་སྤྱི་བཤད་ཅེས་པ་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས།

རིན་ཆེན་བཀྲ་ཤིས།    མཚོ་སྔོན་གསར་འགྱུར་དྲ་བ།    2012-02-09

དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་བཅུ་ནས་བཟུང་གེ་སར་རྒྱལ་བོའི་སྒྲུང་ལ་ཞིབ་འཇུག་བྱེད་པའི་དབང་གྲགས་ལ་མཚོན་ན།གེ་སེར་རྒྱལ་བོའི་སྒྲུང་གི་ཡུལ་དངོས་བརྟག་དཔྱད་དང་ཆེས་སྔོན་མའི་པར་གཞིའི་བསྡུ་གསོག་དང་ཟིན་བྲིས་འདེབས་པ།ལེགས་སྒྲིག་དང་ལོ་ཙཱ།ཞིབ་འཇུག་སོགས་ཕྱོགས་གང་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད།ལྷག་པར་དུ་གེ་སར་སྒྲུང་གི་རིག་ཚན་འཛུགས་སྐྲུན་དང་པར་གཞི་ཞིབ་འཇུག་སོགས་ཀྱི་ཐད་ནས་གྲུབ་འབྲས་དེ་ལས་ཀྱང་གཡུར་དུ་ཟ་བ་བླངས་ཡོད།ཁོས་བརྩམས་པའི་གེ་སར་སྒྲུང་སྤྱི་བཤད་ཅེས་པ་དེ་དེང་སྐབས་ཀྱི་གེ་སར་ཞིབ་འཇུག་ཐད་ཀྱི་བརྩམས་ཆོས་ཡག་གྲས་སུ་གྱུར་ཡོད།དེས་མཚོ་སྔོན་ཀྱི་གེ་སེར་སྒྲུང་གི་ཞིབ་འཇུག་ཚད་རིམ་གསར་བར་བསླེབས་པ་མཚོན།གེ་སར་སྒྲུང་སྤྱི་བཤད་ཅེས་པའི་དཔེ་དེབ་འདིས་དངོས་གཙོ་རྩོད་སྒྲུབ་སྨྲ་བ་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལམ་ནས་རིགས་ལམ་གསར་བ་དང་ཐབས་ལམ་གསར་བ།དངོས་དོན་ལྡན་པ།མ་ལག་ཆ་ཚང་བ་བཅས་ཀྱི་སྒོ་ནས་གེ་སར་སྒྲུང་གི་སྤྱིའི་རྣམ་པ་ངོ་སྤྲོད་བྱས་ཡོད།དཔེ་དེབ་འདི་ཚན་པ་བཅུ་གཅིག་ཏུ་དགར་ཡོད་པ་དང་གེ་སེར་སྒྲུང་གི་གོ་གནས་དང་གེ་སར་སྒྲུང་གི་བྱུང་བ།ཁྱད་ཆོས་དང་རིན་ཐང་།གེ་སར་སྒྲུང་ལས་མངོན་པའི་རིན་ཐང་ལྟ་བ།དེ་ལས་མངོན་པའི་སྒྱུ་རྩལ་ཐད་ཀྱི་གྲུབ་འབྲས་དང་ཆོས་ལུགས་བར་གྱི་འབྲེལ་བ་སོགས་ཕྱོགས་གང་ཐད་ནས་ཞིབ་ཚགས་སྒོས་དཔྱད་གླེང་བྱས་ཡོད།དེས་མདོ་དབུས་མཐོ་སྒང་ནས་བྱུང་བའི་གེ་སར་སྒྲུང་གི་དཀའ་གནད་མང་པོ་སེལ་ནས་གེ་སར་སྒྲུང་གི་རྟོགས་དཀའ་བའི་གནད་མང་པོར་གཏིང་ཟབ་པའི་སྒོ་ནས་རྟོག་ཞིབ་བྱས་ཡོད་པ་མ་ཟད།ད་དུང་བོད་ཀྱི་གེ་སར་སྒྲུང་གི་སྐད་བརྡའི་སྒྱུྲྩ་རྩལ་དང་ལེགས་བཤད། གཏམ་དཔེ་སོགས་ཚིག་སྦྱོར་རིག་པ་སོགས་ལ་ཆེད་དོན་ཞིབ་གླེང་བྱས་ཡོད། དེ་མ་ཟད་ད་དུང་རིག་གནས་ཆེན་པོའི་ངོས་ཐད་ནས་བོད་ཀྱི་གེ་སར་སྒྲུང་གི་རྩོམ་རིག་ཀྱི་ཁྱད་ཆོས་དང་གཏིང་ཟབ་པའི་རིག་གནས་ཀྱི་ནང་སྙིང་འགྲེལ་བཤད་དང་།ཅུང་ཞིབ་ཚགས་ལྡན་པའི་སྒོ་ནས་གེ་སར་སྒྲུང་བྱུང་བའི་དུས་སྐབས་ཀྱི་བོད་ཀྱི་ཆོས་ལུགས་དང་སྒྲུང་བར་གྱི་འབྲེལ་བ་དང་ཤུགས་རྐྱེན་སོགས་གསལ་བཤད་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་གེ་སར་སྒྲུང་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་བསྐྱེད་ཡོད།
  • ལེ་ཚན་སྔོན་མ།:ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རྒྱང་སྒྲོག་བརྙན་འཕྲིན་ཕལ་ཆེར་ཁྱིམ་ཚང་ཚང་མས་ཉན་ཐུབ་པ་དང་བལྟ་ཐུབ་
  • ལེ་ཚན་རྗེས་མ།:གཟི་ཚ་སྡེ་དགུ་རྫོང་གི་གནས་སྐོར་ལ་རྣམ་པ་བཟང་བོ་བྱུང།
  • དོ་སྣང་ཆེ་བའི་རྩོམ།