བོད་རྒྱ་ཤན་སྦྱར་གྱི་འགུལ་རིས་བརྙན་འཕྲིན་ཐོག་མ་ཕབ་སྐྲུན་བྱས་ཟིན།
མཚོ་སྔོན་པོ་དྲ་བ། 2012-02-01
མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་གི་འགུལ་རིས་འཕེལ་རྒྱས་ལྟེ་གནས་ནས་ཤེས་གསལ་ལྟར་ན། མཚོ་སྔོན་གྱི་བོད་རྒྱ་ཤན་སྦྱར་གྱི་འགུལ་རིས་བརྙན་འཕྲིན་ཐོག་མ་སྟེ《བློ་གྲོས་ཀྱི་རྩལ་འཚོལ་བ》ཞེས་པ་ཉེ་ལམ་ཕབ་སྐྲུན་བྱས་ཟིན་པ་དང་། ཟླ1པོའི་ཚེས12ཉིན་ནས་བཟུང་ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར350ཡི་བརྙན་འཕྲིན་དང་། ཐོག་ཁང་ཆེན་མོའི་སྤྱི་གཏོང་བརྙན་འཕྲིན100ལྷག་སོགས་སུ་ཚོད་ལྟའི་སྒོ་ནས་གཏོང་བཞིན་ཡོད། དཔྱིད་གསར་དུས་ཆེན་སྐབས་སུ་རྒྱལ་ཡོངས་བརྙན་འཕྲིན་ལེ་ཚན་མང་པོས་དུས་མཉམ་དུ་གཏོང་རྒྱུ་རེད། 《བློ་གྲོས་ཀྱི་རྩལ་འཚོལ་བ》ཞེས་པ་ལེའུ་ལྔ་ཡོད་ཅིང་ལེའུ་རེ་རེར་དུས་ཡུན་སྐར12ཡིན་པ་དང་། འདིར་མཚོ་སྔོན་གྱི་འབྲོག་ཁྱི་དང་དབྱར་རྩྭ་དགུན་འབུའི་འགུལ་རིས་ཚབ་མཚོན་དེ་བརྙན་འཕྲིན་གྱི་གཙོ་འཁྲབ་ཏུ་བྱེད་ཅིང་། ཁུ་ནུ་རི་བོ་དང་། རྨ་ཆུ། འབྲི་ཆུ། མཚོ་སྔོན་པོ་སོགས་མིང་དུ་གྲགས་པའི་རི་ཆུ་སོགས་གཏམ་རྒྱུད་ཀྱི་རྒྱུ་ཆར་བཀོད་དེ། འབྲོག་ཁྱི་ཆུང་ཆུང་དང་དབྱར་རྩྭ་དགུན་འབུ་ཆུང་ཆུང་གཉིས་ཀྱིས་བློ་གྲོས་ཀྱི་རྩལ་འཚོལ་བའི་གོ་རིམ་ཁྲོད་དཀའ་ངལ་གང་མང་འཕྲད་ཅིང་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་གཞན་ལ་རོགས་རམ་བྱེད་པའི་གཏམ་རྒྱུད་ཞིག་རེད།