ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2011ལོའི་ཟླ12པའི་ཚེས30ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པ་མཐུན་ཚོགས་ཀྱིས་མཉམ་འབྲེལ་གྱིས་སྤེལ་བའི“མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་རིག་རྩལ་བྱ་དགའ་སྐབས་དང་པོའི”དཔྱད་བསྡུར་མཇུག་འབྲས་དངོས་སུ་ཁྱབ་བསྒྲགས་བྱས། མཚོ་སྔོན་གྱི་ཇའི་རིག་གནས་ཆགས་ཚུལ་གྱི་དམངས་སྲོལ་རིག་གནས་ལ་དབྱེ་ཞིབ་དང་། ཨ་མདོའི་རེབ་གོང་ས་ཁུལ་གྱི་དུས་ཆེན་དམངས་སྲོལ། མཚོ་སྔོན་རི་གླུའི་གླུ་མཛོད་ཆེན་མོ་སོགས་དམངས་ཁྲོད་རིག་རྩལ་སྐོར་གྱི་དཔྱད་རྩོམ་དང་ཆེད་རྩོམ་བཅོ་བརྒྱད་ལ་བྱ་དགའ་ཐོབ།
ཤེས་གསལ་ལྟར་ན། ༢༠༡༡ལོར་རང་ཞིང་ཆེན་གྱིས་སྔ་གཞུག་ཏུ་སྐབས་དང་པོའི་རྩོམ་རིག་བྱ་དགའ་དང་། རོལ་དབྱངས་བྱ་དགའ། བྲོ་གར་བྱ་དགའ། དམངས་ཁྲོད་རིག་རྩལ་ཞིབ་འཇུག་གྲུབ་འབྲས་ཕུལ་བྱུང་ཅན་གྱི་བྱ་དགའ། སྐབས་གཉིས་པའི་ཟློས་གར་བྱ་དགའ། རིག་རྩལ་དཔྱད་གཏམ་བྱ་དགའ་བཅས་ཀྱི་དཔྱད་བསྡུར་བྱ་འགུལ་སྤེལ།