ཞིན་ཧྭ་གསར་འགྱུར་ཁང་གིས་གསར་འགྱུར་རིང་གྲས་སྤེལ།

མགོན་པོ་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-01-04

ཟླ་དང་བོའི་ཚེས་གསུམ་ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས་སྤྱི་ཁྱོན་ལ་དམིགས་ནས་ཚན་རིག་དང་མཐུན་པའི་འཕེལ་ལམ་འཚོལ་བ་སྟེ། བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་ཉིས་སྟོང་བཅུ་གཅིག་ལོའི་རྒྱལ་ཁབ་དང་སྲིད་དོན་བདག་སྐྱོང་གི་ཟིན་བྲིས་གནད་བསྡུས་ཞེས་པའི་གསར་འགྱུར་རིང་བ་སྤེལ། གསར་འགྱུར་ལས་བསྟན་དོན། གསར་དུ་འདས་ཟིན་པའི་ཉིས་སྟོང་བཅུ་གཅིག་ལོ་ནི་རང་རྒྱལ་གྱི་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་འཆར་འགོད་ལག་ཏུ་བསྟར་བའི་ལོ་མགོ་མ་ཡིན་ལ། རྙོག་འཛིང་ཡིན་ཞིང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབས་དང་། བཅོས་བསྒྱུར་དང་འཕེལ་རྒྱས། བདེ་འཇགས་བཅས་ཀྱི་ལས་འགན་ལྗིད་མོར་ཁ་ཕྱོགས་ནས། བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཁྱོན་ལ་དམིགས་ཏེ་ཡུན་རིང་ལ་ཕན་པའི་འཐབ་ཇུས་བཀོད་སྒྲིག་གིས་ཆེ་ཕྱོགས་ལ་འབྲེལ་བ་ཡོད་པ་དང་ཤན་ཤུགས་གཏིང་ཟབ་ཐེབས་པའི་གྲོས་ཆོད་གལ་ཆེན་རབ་དང་རིམ་པ་བཏོན་པས། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་མགོ་ལེགས་པོ་རྩོམ་ཐུབ་པ་བྱུང་ཡོད་ཅེས་བསྟན།

གསར་འགྱུར་ལས་གཙོ་བོ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་མདུན་དུ་སྐུལ་བ་དང་དཔལ་འབྱོར་གྱི་སྤེལ་སྟངས་གང་མགྱོགས་སྒོས་བསྒྱུར་བ། དམངས་འཚོ་འགན་སྲུང་དང་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་སྤེལ་བྱེད་པ། རིག་གནས་ལམ་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཕྱི་འབྲེལ་བྱ་བའི་སྤྱིའི་བཀོད་འདོམས་ལ་སྐུལ་སྤེལ་བྱེད་པ། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཁྱབ་ཁོངས་ལ་ཁ་ཕྱོགས་ནས། བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་མཐུན་སྒྲིལ་དམ་པོའི་ངང་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་སྣེ་ཁྲིད་དེ་འབད་བརྩོན་ལྷོད་མེད་དུ་བཅོས་བསྒྱུར་དང་འཕེལ་རྒྱས། བདེ་འཇགས་བཅས་ཀྱི་བྱ་བར་ཤུགས་བསྣན་པ་དང་། ཏང་དང་རྒྱལ་ཁབ། དམག་དཔུང་བཅས་བདག་སྐྱོང་བྱེད་པ། ནང་སྲིད་དང་ཕྱི་འབྲེལ། རྒྱལ་སྲུང་བྱ་བ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་གཉིས་པ་མུ་མཐུད་དུ་ལག་ལེན་དུ་བསྟར་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་དམིགས་འབེན་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་བསྟན་ཡོད།

  • ལེ་ཚན་སྔོན་མ།:གངས་སྨུག་གི་གནམ་ཟླས་རང་རྒྱལ་གྱི་ས་ཁུལ་ཁ་ཤས་ལ་ཤུགས་རྐྱེན་ཐེབས་པ།
  • ལེ་ཚན་རྗེས་མ།:བརྩམས་ཆོས་བཅོ་བརྒྱད་ལ་སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་རིག་རྩལ་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།