ཕྱུག་ལོ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-11-21
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བུན་ཅ་པའོ་ཡིས་ཚེས19ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་ནས་ཨེ་ཤ་ཡ་ཤར་མའི་མགོ་ཁྲིད་པའི་ཚོགས་འདུ་རབ་དང་རིམ་པར་ཞུགས་སྐབས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ལ་མཇལ་འཕྲད་གནང་།
བུན་ཅ་པའོ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་བླག་དང་བརྟན་འཇགས་ངང་གོང་འཕེལ་དུ་འགྲོ་བར་སྲུང་སྐྱོབ་བྱེད་པ་དེ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཕན་པ་ཡོད། ཅང་མ་འགོར་བའི་སྔོན་ལ། ཀྲུའུ་ཞི་ཧུའུ་ཅིན་ཐའོ་དང་ཙུང་ཐུང་ཨོ་པ་མ་རྣམ་གཉིས་ཀྱིས་ཞ་ཝེ་དབྱི་ནས་ཐུག་འཕྲད་བྱས། ཀྲུང་གོས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ལག་བསྟར་ནན་མོ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་བར་དུ་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་འདོད་ཡོད་ཟེར།
བུན་ཅ་པའོ་ཡིས་ཀྲུང་གོ་དང་ཨ་མེ་རི་ཁས་ཆུ་ཚད་སྔར་ལས་མཐོ་བ་དང་གཞི་ཁྱོན་སྔར་ལས་ཆེ་བའི་དངུལ་གཏོང་ཉོ་ཚོང་མཉམ་ལས་བྱེད་པ་དང་། གསར་གཏོད་ལས་རིགས་དང་ནུས་ཁུངས་གསར་བའི་ཐོན་ལས། སྨན་བཅོས་འཕྲོད་བསྟེན་ལས་དོན། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཐོན་ལས། མཐོ་གསར་ལག་རྩལ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཐད་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས་པའི་གྲོས་གཞི་བཏོན།
ཨོ་པ་མ་ཡིས་ཨ་མེ་རི་ཁ་དང་ཀྲུང་གོས་མུ་མཐུད་དུ་ཕན་ཚུན་ལ་མཉམ་ལས་དང་རྒྱུས་ལོན་བྱེད་པའི་རྣམ་འགྱུར་བཅངས་ནས། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་འགལ་བ་ཐག་གཅོད་བྱས་ཏེ། ཨ་མེ་རི་ཁ་དང་ཀྲུང་གོའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་དགོས་ཞེས་བཤད།
ཕྱོགས་གཉིས་ཀྱིས་ད་དུང་མི་འགྱང་བར་འཚོགས་རྒྱུ་ཡིན་པའིི་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་སོགས་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10