མཚོ་སྔོན་ཞིང་ཆེན་གྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱ་འགུལ”སྤེལ་བ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    ཞིན་ཧྭ་དྲ་བ།    2011-09-23

མཚོ་སྔོན་ཞིང་ཆེན་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱ་འགུལ”དེ་ཟླ9བའི་ཚེས20ཉིན་སྤེལ་འགོ་བརྩམས། ཐེངས་འདིའི་བྱ་འགུལ་དང་ཀྲུང་དབྱང་གིས་མཚོ་སྔོན་སོགས་བོད་ཁུལ་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་འཆར་འགོད་གཉིས་དུས་མཉམ་དུ་ལག་བསྟར་བྱས་པ་དང་། དེ་དུས་རིམ་གཉིས་སུ་བགོས་ཡོད་དེ། 2011ལོ་ནས2015ལོའི་བར་གྱི་རྨང་གཞི་འདིང་བའི་དུས་རིམ་དང་། 2016ལོ་ནས2020ལོའི་བར་ཕྱོགས་ཡོངས་འཕེལ་རྒྱས་སུ་གཏོང་བའི་དུས་རིམ་བཅས་ཡིན།

མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས“མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་ཡར་རྒྱས་གོང་འཕེལ”ཞེས་པ་བརྗོད་དོན་དུ་བཟུང་སྟེ། མཆམ་མཐུན་གྱི་མི་རིགས་འབྲེལ་བ་འཛུགས་པ་དམིགས་འབེན་དུ་བཟུང་ནས་དམངས་འཚོ་ལེགས་བཅོས་བྱེད་པ་གཙོ་གནད་དུ་བཟུང་བ་དང་། རྣམ་པ་མི་འདྲ་བའི་སྒོ་ནས་གསར་འཛུགས་བྱ་འགུལ་སྣ་ཚོགས་སྤྱད་དེ་སྤྱི་ཚོགས་དོ་དམ་གསར་འཛུགས་ཀྱི་བྱེད་ཐབས་ལ་བརྟེན་ཏེ། ཕྱོགས་ཡོངས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་གོམ་སྟབས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་དང་། ཧུར་བརྩོན་གྱིས་མཚོ་སྔོན་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་སྐྲུན་རྒྱུ་དེ་རེད།

ཐེངས་འདིའི་བྱ་འགུལ་གཙོ་བོ་ཕྱོགས་བདུན་གྱི་ལས་འགན་ཡོད་དེ། དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་སོ་སོས་མཉམ་དུ་འབད་བརྩོན་གོང་འཕེལ་གྱི་བསམ་བློའི་རྨང་གཞི་གཏན་འཇགས་སུ་གཏོང་བ་དང་། ཤུགས་ཆེན་པོས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ། ནན་ཏན་སྒོས《བཅའ་ཁྲིམས》དང《མི་རིགས་ས་ཁོངས་རང་སྐྱོང་སྲིད་ཁྲིམས》སོགས་ཁྲིམས་ལུགས་ལག་ལེན་མཐར་ཕྱིན་བྱས་ཏེ་མི་རིགས་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པ། བདེ་འཇགས་དགོན་པ་གསར་འཛུགས་བྱེད་པ་གཏིང་ཟབ་ཏུ་སྤེལ་ཏེ་ཆོས་ལུགས་ཁྱབ་ཁོངས་འཆམ་མཐུན་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་པ། གྲངས་ཉུང་མི་རིགས་ལས་བྱེད་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་མི་རིགས་ས་ཁུལ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་རྩ་འཛུགས་ཀྱི་ཁག་ཐེག་བྱེད་པ། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་བྱས་ཏེ་ཧུར་བརྩོན་གྱིས་འཆམ་མཐུན་དང་གོ་རིམ་ལྡན་པའི་སྤྱི་ཚོགས་ཁོར་ཡུག་འཛུགས་སྐྲུན་བྱེད་པ། ཕན་འབྲས་ལྡན་པའི་སྒོ་ནས་དགྲ་ཕྱོགས་དཔུང་ཤུགས་ཀྱི་ཁ་བྲལ་གཏོར་བརླག་བྱ་འགུལ་བཀག་འགོག་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་གཏན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པ་བཅས་ཡིན།

ཐེངས་འདིའི་བྱ་འགུལ་ལ་ད་རུང་ཞིབ་ཚགས་ཀྱི་གོ་རིམ་ལྡན་ལ། སྲིད་འཛིན་ཁོངས་གཏོགས་ཀྱི་འབྲེལ་བར་གཞིགས་ཏེ་གོང་འོག་གི་རིམ་པ་ལྟར་སྐུལ་སྤེལ་བྱེད་རྒྱུ་རེད། དཔེ་སྟོན་ཁུལ་གྱི་དཔྱད་ཞིབ་དེ་རང་ས་ཁུལ་གྱི་ལོ་ཧྲིལ་བོའི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་དང་ཟུང་འབྲེལ་བྱས་ཏེ། ཚད་གཞི་དང་མཐུན་པ་རྣམས་ལ་དཔེ་སྟོན་ཁུལ་གྱི་མིང་བཏགས་གནང་སྟེ་འོས་འཚམ་གྱི་བྱ་དགའ་སྟེར་རྒྱུ་རེད། །

  • ལེ་ཚན་སྔོན་མ།:སྐབས་དགུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལེགས་འགྲུབ་ངང་མཇུག་སྒྲིལ།
  • ལེ་ཚན་རྗེས་མ།:ཅ་ཆིན་ལིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སི་ལའོ་ཝུན་ཉིའི་ཡའི་རྒྱལ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁ
  • དོ་སྣང་ཆེ་བའི་རྩོམ།