ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། 2011-08-19
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས14ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་དོན་ཨུ་ཡོན་ལིའུ་ཡན་ཏུང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ལས་དོན་བློ་འདྲི་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པར་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དང་ཆིང་ཧྭ་སློབ་ཆེན་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་འཛུགས་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བ་བཅས་བྱས་ནས་སྤུས་ཚད་ལེགས་སུ་གཏོང་རྒྱུ་སྲོག་ཤིང་དུ་བྱེད་པའི་གོ་དོན་རྣམ་པའི་འཕེལ་རྒྱས་གཏོང་ལམ་དུ་སྐྱོད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་མཐོ་རིམ་སློབ་གསོའི་མ་ལག་འཛུགས་སྐྱོང་བྱེད་དགོས་ཞེས་བསྟན་གནང་བ་རེད།
ལིའུ་ཡན་ཏུང་གིས་མཐོ་རིམ་སློབ་གསོ་ནི་ཚན་རྩལ་གྱི་ཐོན་སྐྱེད་ནུས་ཤུགས་དང་པོ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་དང་པོ་ཡིན་པའི་ཟུང་འབྲེལ་བྱེད་གཞི་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་སྟོབས་འབྱོར་ལྡན་དགོས་ན་སློབ་ཆེན་ངེས་པར་དུ་སྟོབས་དང་ལྡན་དགོས།སྤུས་ཚད་ལེགས་སུ་གཏོང་རྒྱུ་ནི་མཐོ་རིམ་སློབ་གསོའི་སྲོག་རྩ་ཡིན་ཞིང་།མཐོ་རིམ་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་བའི་ཇུས་ཆེན་དང་སྒྱུར་བཅོས་གསར་གཏོད་ཀྱི་བླང་བྱ་དང་པོ་ཡིན་པའི་ངོས་ནས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ནུས་ཤུགས་ཡོད་རྒུས་ཆེས་སྲོག་ཤིང་དང་ཆེས་དགོས་གཏུགས་ཀྱི་ལས་འགན་དེ་ལག་བསྟར་ཡག་པོ་བྱེད་པ་དང་ལེགས་གྲུབ་ཡག་པོ་བྱེད་དགོས་ཞེས་བསྟན་གནང་བ་རེད།
ལིའུ་ཡན་ཏུང་གིས་མཐོ་རིམ་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་ནི་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པ་དེ་འདུ་ཤེས་ཀྱི་བསམ་ཕྱོགས་གསར་བརྗེས་དང་།ལམ་ལུགས་དང་དཔེ་དབྱིབས་གསར་གཏོད།གདེང་འཇོག་ལམ་སྲོལ་གྱི་ཁྲིད་སྟོན།རྨང་གཞིའི་ནུས་པ་འགན་ལེན།སྤྱི་ཚོགས་ཁོར་ཡུག་གཏོད་རྒྱུ་སོགས་དང་འབྲེལ་བ་ཡོད་པས་ངེས་པར་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་སྲོག་ཤིང་དུ་བརྩི་བ་དང་།ཚན་རིག་ཞིབ་འཇུག་བྱ་རྒྱུ་རྨང་གཞིར་བརྩི་བ།སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ཁ་ཕྱོགས་སུ་བརྩི་བ།རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱ་རྒྱུ་སྣེ་ཁྲིད་དུ་བརྩི་བ་བཅས་བྱས་ཏེ་སློབ་ཆེན་གྱི་ནུས་པ་ཁག་ཕན་ཚུན་སྐུལ་འདེད་གཏོང་བ་དང་།ཕན་ཚུན་འདེགས་སྐྱོར་བྱེད་པ།སློབ་གཉེར་སྤུས་ཚད་སྤྱི་ཡོངས་ནས་མཐོ་རུ་གཏོང་བ་བཅས་ཀྱི་ཆགས་སྟངས་གསར་པ་ཆགས་པ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
ལིའུ་ཡན་ཏུང་གིས་མཐོ་སློབ་ཀྱི་འགོ་ཁྲིད་ཚན་ཁག་ལ་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་དང་སློབ་གསོ་མཁས་ཅན་གྱི་བླང་བྱ་གཞིར་བཟུང་ཏང་གིས་མཐོ་སློབ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཡོངས་ཀྱི་འདུ་ཤེས་དང་།འགན་འཁྲིའི་འདུ་ཤེས།སེམས་ཁྲལ་གྱི་འདུ་ཤེས་བཅས་འཛུགས་པ་དང་།བསམ་བློར་བཅིངས་འགྲོལ་གཏོང་བ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པ།སློབ་གསོ་དང་སློབ་ཁྲིད་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ།སློབ་གཉེར་དང་སློབ་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་མཐོ་རིམ་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ནས་ཡིན་པའི་བློ་འདྲི་ཨུ་ཡོན་དང་། པུའུ་ཨུད་གཞན་དག་དང་ས་གནས་ཀྱི་ཁོངས་སུ་གཏོགས་པའི་མཐོ་སློབ་ཀྱི་ཆེད་མངགས་གདན་ཞུའི་ཏང་ཨུད་ཧྲུའུ་ཅི་དང་ཞའོ་ཀྲང་བཅས་ཁྱོན་མི193ཚོགས་འདུར་ཞུགས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10