ཀྲུང་གོའི་བོད་ལྗོངས་དྲ་བ། 2011-05-24
ལྷ་མཆོག་རྒྱལ་ལགས་ཀྱིས་རྙེད་པའི་བོད་བཙན་པོའི་སྐབས་ཀྱི་ཟངས་ཅོང་།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ལྷ་མཆོག་རྒྱལ་གྱིས་ཉེ་ཆར་གསར་འགོད་པས་བཅའ་འདྲི་དང་ལེན་བྱས་ཏེ་ཁོང་གིས་རྙེད་པའི་བོད་བཙན་པོའི་རྒྱལ་རབས་ཅོང་ཆེན་ཞིག་བསྟན་པ་མ་ཟད། ཁོང་གིས་བརྟག་དཔྱད་བྱས་པ་བརྒྱུད་ཅོང་ཆེན་དེ་ནི་ད་ཡོད་བོད་བཙན་པོའི་རྒྱལ་རབས་ཀྱི་གནའ་རྫས་ནང་ཆེས་སྔ་ཤོས་ཡིན་པ་དང་། ད་དུང་དཔའ་རིས་ཡར་ལུང་དགོན་དང་འབྲེལ་བ་དམ་པོ་ཡོད་ཟེར། ཁོང་གིས་ཞིབ་འཇུག་གྲུབ་འབྲས་དེ་བོད་ལྗོངས་ཞིབ་འཇུག་གི་ད་ལོའི་དེབ་དང་བོའི་ཐོག་བཀོད་མ་ཐག་ཏུ་བོད་རིག་པའི་ཞིབ་འཇུག་པ་ཚོས་གཙིགས་མཐོང་ཆེན་པོ་གནང་ཏེ། དེ་ནི་བོད་རིག་པའི་ཕྱག་ལས་པར་ཧ་ལས་དགོས་པ་དང་དགའ་བ་དཔག་མེད་སྐྱེས་འོས་པའི་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད་པ་རེད།
ལྷ་མཆོག་རྒྱལ་དགེ་རྒན་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་ལྷ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན་ལ། ཁོང་གིས་གསར་དུ་རྙེད་པའི་དྲིལ་ཆེན་ཁྲོ་ཟངས་འདྲེས་མས་གྲུབ་པས་དེའི་ལྗི་ཚད་སྤྱི་རྒྱ168ཡོད་པ་དང། མཐོ་ཚད་ལ་ཀུང54ཡོད་ཅིང་། དྲིལ་ཁའི་ཁ་ཞེང་ལ་ཀུང52དྲིལ་ཞབས་ཀྱི་འཕྲེད་ཞེང་ལ་ཀུང40དྲིལ་ཆེན་དེའི་ཕྱི་དབྱིབས་ནི་པད་མ་འདམ་བརྒྱད་དུ་བཞེངས་ཡོད་ལ། པད་ལྕེ་རེ་རེའི་དྲིལ་བུའི་ཁ་བྱང་གི་གོང་དུ་སྟག་མགོའི་རི་མོ་སྤྲིན་རིས་དྲུག་བཀོད་ཡོད། ཁ་བྱང་ནི་བཙན་པོའི་དུས་སྐབས་ཀྱི་འབྲི་ཚུགས་དབུ་ཅན་གྱིས་ཚེག་གིས་བར་ཆོད་མེད་པར་གཡོན་ནས་གཡས་སུ་རྒྱུན་མར་བྲིས་ཡོད་ལ། ཁ་བྱང་འབྲི་མཁན་གྱི་མིང་གི་ཡིག་འབྲུ་མི་གསལ་བ་མ་གཏོགས་ཚང་མ་གསལ་ལྷང་ངེ་ངོས་འཇིན་ཐུབ། དྲིལ་བུའི་ཁ་བྱང་གི་ཚིག་གི་ཡི་གེ་གོ་བདེར་བཀྲལ་ན་འདི་ལྟར་ཡིན་ཏེ། བོད་ཀྱི་ལྷ་བཙན་པོ་ཁྲི་ལྡེ་གཙུག་བཙན་སྤུན་མཆེད་གཉིས་ཀྱི་སྐུ་ཡོན་དུ་བསྔོ་བའི་ཕྱིར། ཞང་བློན་ལྷ་སྒྲ་རྒྱལ་སླེབས་ཕ་སྤད་གཉིས་ཀྱིས་ཇག་རོང་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་གི་མཆོད་པའི་རྐྱེན་དུ་དྲིལ་བུ་ཆེན་པོ་ཞིག་ཕུལ་བའི་དགེ་བའི་ཕན་ཡོན་གྱིས་ཡོན་བདག་དང་སེམས་ཅན་ཐམས་བཅད་བླ་ན་མེད་པའི་བྱང་ཆུད་ཀྱི་རྒྱུ་ཐོབ་པར་སྨོན་ནོ། དྲིལ་བུ་འདི་ལྕགས་ཀོང་※※(ཅིག་ཅིག་)གིས་ཡི་གེ་བྲིས་ཤིང་དགེ་སློང་ཆོས་ཕྲིན་གྱིས་བླུགས་སོ་ཞེས་པ་དང་། ཚིག་འབྲུ་དོན་གྲངས་ཙམ་ལས་མེད་ཀྱང་གོང་ལྷ་བཙན་པོ་དང་བར་ཞང་བློན། འོག་དྲིལ་ཆེན་བླུགས་མཁན་སོགས་མི་སྣ་དྲུག་དང་འབྲེལ་བ་དམ་པོ་ཡོད་པས་བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་འདུས་ཡོད།
དགེ་རྒན་ལྷ་མཆོག་རྒྱལ་གྱིས་ལོ་རྒྱུས་ཀྱི་ཡིག་ཁུངས་མང་བོ་རྩད་གཅོད་དང་བརྟག་དཔྱད་ཞིབ་འཇུག་བྱས་མཐར། ཅོང་འདི་ནི་ཕལ་ཆེར་སྤྱི་ལོ་712ལོར་བཙན་པོ་སྲོང་བཙན་སྒམ་པོའི་ཡང་ཚ་ཁྲི་གཙུག་ལྡེ་བཙན་བོད་བཙན་པོའི་རྒྱལ་བོའི་ཁྲིར་བཀོད་རྗེས་ཀྱི་ཅུང་མ་འགོར་བའི་དུས་སུ་བཞེངས་པ་ཡིན་ལ། ད་ལྟ་བསམ་ཡས་གཙུག་ལག་ཁང་དང་། ཁྲ་འབྲུག་དགོན། བྲག་ཡེར་བའི་དགོན་དུ་ཡོད་པའི་བོད་བཙན་པོའི་རྒྱལ་རབས་ཀྱི་དྲིལ་ཆེན་གསུམ་ནི་སྤྱི་ལོ779ལོའི་རྗེས་སུ་བཞེངས་བ་ཡིན་ཡང་། ད་ཡོད་ཀྱི་བོད་བཙན་པོའི་རྒྱལ་རབས་ཀྱི་རྡོ་རིང་དང་ཅོང་ཆེན་ཉི་ཤུ་ལྷག་ཡོད་པའི་ནང་ཚུད་མེད་པ་མ་ཟད་ད་དུང་ཆེས་སྔ་ཤོས་དེར་གྱུར་ཡོད། དེའི་རྐྱེན་གྱིས་ཅོང་ཆེན་འདི་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞིང་། གནའ་དྲིལ་འདིའི་གནའ་དང་མའི་མཆོད་གནས་ནི་དེའི་སྟེང་གི་ཁ་བྱང་ཡི་གེ་ལྟར་ཇག་རོང་དགའ་ལྡན་བྱིན་ཆགས་གླིང་ཡིན་ལ། ཇག་རོང་ཟེར་བ་དེ་དཔའ་རིས་གཞུང་དྲུག་གམ་ལུང་དྲུག་གི་ཡ་གྱལ་ཞིག་ཡིན་ཡང་། གནའ་དགོན་དེ་དེང་ཡང་དཔའ་རིས་བོད་རང་སྐྱོང་རྗོང་ཡར་ལུང་ཐུར་ཆེན་དགོན་གྱི་དང་མའི་རྨང་གཞི་ཡིན་ཚོད་ཆེ། ཡར་ལུང་དགོན་འདི་ལོ་རྒྱུས་ཐོག་དར་རྒུད་གང་མང་བྱུང་ཡོད་ལ་མདོ་སྨད་ཆོས་འབྱུང་ཐོག་ཇག་རོང་ཡར་ལུང་ཐུར་ཆེན་དགོན་དགའ་ལྡན་བྱམས་པ་གླིང་ཞེས་བ་ལས་གནའ་དགོན་གྱི་མིང་དང་ཆ་འདྲ་ས་མང་། དེར་མ་ཟད་ད་ལྟ་བོད་ཀྱི་དེབ་ཐེར་དང་བོད་རིག་པའི་ཞིབ་འཇུག་པ་ཚོས་བོད་དུ་དགོན་པ་སྔ་ཤོས་བསམ་ཡས་གཙུག་ལག་ཁང་དང་རབ་བྱུང་བ་ཐོག་མ་སད་མི་མི་བདུན་ཡིན་པ་གཅིག་མཐུན་གྱི་ལྟ་ཚུལ་དུ་གྲུབ་ཡོད་མོད། འོན་ཀྱང་དྲིལ་བུ་འདིའི་ཁ་བྱང་ཡི་གེ་ལ་དཔྱད་ན་དུས་དེའི་སྔོན་ལ་དཔའ་རིས་སུ་བོད་ཀྱི་དགོན་སྡེ་དང་གྲྭ་བཙུན་སོགས་ཡོད་ཚོད་འདུག
གནའ་རྫས་འདི་འདྲ་གལ་ཆེན་ཞིག་ཁྱེད་ཀྱིས་གང་ནས་རྙེད་པ་ཡིན་ཞེས་གསར་འགོད་པས་ལྷ་མཆོག་རྒྱལ་དགེ་རྒན་ལ་འདྲི་སྐབས། ཁོང་གིས་འདི་ཡང་གཞེས་ནིང་ལོར་གནའ་རྫས་ཚོང་ར་ཞིག་ཏུ་འཆམ་འཆམ་དུ་འགྲོ་དུས་རྙེད་ཅིང་བླུས་པ་ཡིན་ལ། ཚོད་དཔག་ལྟར་ན་གནའ་རྫས་འདི་སོན་ཡོན་རྒྱལ་རབས་སྐབས་སུ་ཇག་རོང་དགོན་ནས་དམངས་ཁྲོད་དུ་འཁྱམས་ཏེ་ས་འོག་ཏུ་སྦས་པ་ཡིན་པ་གནའ་དྲིལ་སྟེང་བཙའ་ཆགས་པ་ལས་ཤེས་ཐུབ་ཅེས་བཤད་བྱུང་།
ལྷ་མཆོག་རྒྱལ་དགེ་རྒན་ནི་ནུབ་བྱང་མི་རིགས་སློབ་གྭ་ཆེན་མོའི་ཏུང་ཧུང་གཏེར་ཡིག་ལ་སོགས་པའི་གནའ་བོའི་བོད་སྐད་ཡིག་ལ་བྱང་ཆུབ་པའི་མཁས་པ་ཞིག་ཡིན་ལ། ཁོང་གིས་གནའ་དྲིལ་དེ་རྙེད་རྗེས་ལོ་གཅིག་རིང་ལ་བློ་སེམས་གཅིག་སྒྲིལ་གྱིས་ཞིབ་འཇུག་གནང་ཞིང་། དཔའ་རིས་ཡར་ལུང་སོགས་ལ་དངོས་གནས་སུ་རྟོག་ཞིབ་ཏུ་ཕེབས་ཡོད་པ་དང། ཞིབ་འཇུག་གྲུབ་འབྲས་དེ་བོད་ལྗོངས་ཞིབ་འཇུག་གི་ད་ལོའི་དེབ་དང་བོའི་ཐོག་བཀོད་མ་ཐག་ཏུ་བོད་རིག་པའི་ཞིབ་འཇུག་པས་གདེང་འཇོག་མཐོན་པོ་གནང་། བོད་ཀྱི་མཁས་དབང་ཨ་ལགས་དོར་ཞི་ཚང་གིས་གསར་འགོད་པར་དྲིལ་ཆེན་དེའི་སྐོར་ལ་འདི་ལྟར། དྲིལ་ཆེན་དེ་དང་དཔྱད་རྩོམ་དེ་ནི་བོད་རིག་པ་ཞིབ་འཇུག་ལ་མཚོན་ན་རིན་ཐང་ཆེན་པོ་ལྡན་ཞིང་བོད་ཀྱི་ལོ་རྒྱུས་ཡང་བསྐྱར་འབྲི་དགོས་བྱུང་བར་ཐུག་ཡོད་ཅེས་གསུངས་བྱུང་། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10