མཚོ་སྔོན་གྱི་ས་ཆུ་སྲུང་འཛིན་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་ཐད་ནས་ཕན་ནུས་མངོན་གསལ་ཐོབ་པ།

ཤ་བོ་རིན་མཚོ།        2011-03-01

གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ས་ཆུ་སྲུང་འཛིན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། འདས་མ་ཐག་པའི་ཉིས་སྟོང་བཅུ་ལོར། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ས་ཆུ་སྲུང་འཛིན་འཛུགས་སྐྲུན་གྱི་ཐད་ལ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་བཏང་བ་དང་། ས་ཆུ་ཤོར་བའི་སའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་བརྒྱ་དང་སུམ་ཅུ་ལྷག་བཅོས་སྐྱོང་བྱས་པས། སྐྱེ་ཁམས་འཛུགས་སྐྲུན་གྱི་ཐད་ནས་ཕན་ནུས་མངོན་གསལ་ཐོབ། 
   མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ། རྐྱང་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་ལ། “ཀྲུང་ཧྭའི་ཆུ་མཛོད” ཅེས་པའི་མཚན་སྙན་ཐོབ་ཡོད་པ་དང་། རང་རྒྱལ་གྱི་ཆེས་འགངས་ཆེ་བའི་སྐྱེ་ཁམས་བྱེད་ནུས་ཀྱི་ས་ཁུལ་ཞིག་ཡིན། ཉེ་བའི་ལོ་འགའི་ནང་སའི་གོ་ལ་ཡོངས་ཇེ་དྲོད་དང་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ནས་ཇེ་ཞན་དུ་སོང་བ་བཅས་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱི་ས་ཆུ་ཤོར་བའི་ད་ཡོད་གནས་ཚུལ་ཡང་མུ་མཐུད་ནས་ཚབས་ཆེན་དུ་འགྲོ་བཞིན་ཡོད། ཞིབ་བཤེར་གྱི་མཇུག་འབྲས་ལས་མངོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ས་ཆུ་ཤོར་བའི་སའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་དང་ཁྲི་ལྔ་སྟོང་གཅིག་དང་བརྒྱད་བརྒྱ་ལ་བསླེབས་ཤིང་། དེས་ཞིང་ཆེན་ཡོངས་ཀྱི་སྤྱིའི་གཞི་ཁྱོན་གྱི་བརྒྱ་ཆའི་ཞེ་དགུ་དང་གྲངས་ཆུང་གཅིག་ཟིན་ཡོད།
   མཚོ་སྔོན་ཞིང་ཆེན་ས་ཆུ་སྲུང་འཛིན་ཅུའུ་ཡི་འགན་ཁུར་པས་མཚམས་སྦྱོར་བྱས་པ་ལྟར་ན། 2010ལོར་མཚོ་སྔོན་ཞིང་ཆེན་གྱིས་ས་ཆུའི་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་སྲུང་སྐྱོང་བྱེད་པ་མངོན་འགྱུར་བྱེད་རྒྱུ་དམིགས་འབེན་དུ་བྱས་ནས། འབྲི་ཆུ་དང་རྨ་ཆུའི་འབྱུང་ཡུལ་ས་ཁུལ་གྱི་ས་ཆུ་སྲུང་འཛིན་སྔོན་འགོག་སྲུང་སྐྱོབ་བཟོ་སྐྲུན་དང་ས་སེར་མཐོ་སྒང་ལ་རགས་རྒྱབ་ནས་འདམ་གསོག་པའི་བཟོ་སྐྲུན། རྨ་ཆུའི་ཆུ་སྲུང་སྐྱེ་ཁམས་བཟོ་སྐྲུན། འཇར་པན་གྱི་དངུལ་བུན་སྤྱོད་པའི་ས་ཆུ་སྲུང་འཛིན་ལས་གཞི། ས་ཆུ་སྲུང་འཛིན་སྐྱེ་ཁམས་ཞིག་གསོ་སོགས་གཙོ་གནད་བཟོ་སྐྲུན་བཅས་མངོན་འགྱུར་བྱས་ཏེ། མུ་མཐུད་དུ་ས་ཆུ་སྲུང་འཛིན་ཚན་རྩལ་དཔེ་སྟོན་འཛུགས་སྐྲུན་དང་ས་ཆུ་སྲུང་འཛིན་ལྟ་ཞིབ་ཚད་ལེན་དྲ་བའི་འཛུགས་སྐྲུན་བཅས་ལ་ཡར་སྐུལ་བྱས་ནས་ཕན་ནུས་མངོན་གསལ་ཐོབ་ཡོད་པས། ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བར་སྐྱེ་ཁམས་ཀྱི་རྨང་གཞི་ལེགས་པོ་བཏང་ཡོད་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།

 
 
  • ལེ་ཚན་སྔོན་མ།:བོད་ཀྱི་གསོ་རིག་ཆེད་མཁས་པ་བྱམས་པ་འཕྲིན་ལས་མཆོག་སྐུ་གཤེགས་པ
  • ལེ་ཚན་རྗེས་མ།:ཙུང་ལི་བུན་ཅ་པའོ་ཡིས་ཐེངས་གསུམ་པར་དྲ་བ་བརྒྱུད་དེ་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་འཆར་གཞིའི་སྐོར
  • དོ་སྣང་ཆེ་བའི་རྩོམ།