བོད་ཀྱི་གསོ་རིག་ཆེད་མཁས་པ་བྱམས་པ་འཕྲིན་ལས་མཆོག་སྐུ་གཤེགས་པ

    ཀྲུང་གོའི་བོད་རིག་པའི་དྲ་བ།    2011-02-23

བོད་ཀྱི་གསོ་རིག་ཆེད་མཁས་པ་བྱམས་པ་འཕྲིན་ལས་མཆོག་ལ་སྙུང་གཞི་ཕོག་ནས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཉིས་སྟོང་བཅུ་གཅིག་ལོའི་ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་ལྷ་ས་ནས་སྐུ་གཤེགས་པ་དང་། དགུང་ལོ་བརྒྱད་ཅུ་གྱ་གསུམ་རེད། 

བོད་ཀྱི་མིང་དུ་གྲགས་པའི་གསོ་རིག་དང་གནམ་རིག་སྐར་རྩིས་ཆེད་མཁས་པ་བྱམས་པ་འཕྲིན་ལས་མཆོག་ནི་ཆིག་སྟོང་དགུ་བརྒྱ་ཉི་ཤུ་རྩ་བརྒྱད་ལོའི་བོད་རྩིས་ཀྱི་ཟླ་བཅུ་གཅིག་པར་ལྷ་ས་ནས་སྐུ་འཁྲུངས་པ་དང་། སྔ་གཞུག་ཏུ་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་། ཡོན་ཀྲང་། ཏང་ཨུའི་ཧྲུའུ་ཅི། བོད་ལྗོངས་གསོ་རིག་སློབ་གླིང་གི་ཡོན་ཀྲང་། བོད་རང་སྐྱོང་ལྗོངས་འཕྲོན་བསྟེན་ཐིན་གྱི་ཐིན་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་། ལོ་ངོ་དྲུག་ཅུའི་རིང་གི་སྨན་བཅོས་བྱ་བའི་ཁྲོད། དགེ་རྒན་ཆེན་མོ་བྱམས་པ་འཕྲིན་ལས་མཆོག་གིས་མང་ཚོགས་ལ་ཕན་པ་སྒྲུབ་པའི་བྱ་བ་སྙིང་ལ་བཅངས་ཏེ། དཀའ་སྤྱད་འབད་བརྩོན་དང་ཧུར་ཐག་སྒོས་གསར་སྐྲུན་བྱས་ནས། བོད་ཀྱི་གསོ་བ་རིག་པ་དང་བོད་ཀྱི་སྨན་རྫས་རིག་པ། གནམ་རིག་སྐར་རྩིས་རིག་པ་རྒྱུད་འཛིན་དང་། ལག་ལེན། འཕེལ་རྒྱས་བཅས་གཏོང་བའི་ཐད་ལ་འབད་པ་ཆེན་པོས་བྱ་བ་བསྒྲུབས། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་གསོ་བ་རིག་པ་དང་། བོད་ཀྱི་སྨན་རྫས་རིག་པ། བོད་ཀྱི་གསོ་རིག་ལོ་རྒྱུས་རིག་པ། གནམ་རིག་སྐར་རྩིས་རིག་པ་སོགས་ལ་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་མཛད་པ་དང་། སྔ་གཞུག་ཏུ་བརྩམས་ཆོས་ཉི་ཤུ་ལྷག་དང་། དཔྱད་རྩོམ་བརྒྱ་ལྷག བསླབ་གཞིའི་དཔེ་ཆ་བཅུ་གསུམ་བཅས་བརྩམས། ལྷག་པར་དུ་ཁོང་གིས་གཙོ་སྒྲིག་བྱས་པའི«བོད་ཀྱི་གསོ་རིག་རྒྱུད་བཞིའི་ཚོན་ལྡན་འགྲེམ་ཐང»(བོད་རྒྱ་པར་གཞི་དང་། བོད་དབྱིན་པར་གཞི)ལ་རྒྱལ་ནང་གི་གསོ་རིག་ལས་རིགས་ཁྲོད་བསླབ་གཞི་ཚོན་ལྡན་འགྲེམ་ཐང་དང་པོའི་མཚན་སྙན་ཐོབ་པ་དང་། ཁོང་གིས་བརྩམས་པའི«བོད་ཀྱི་གསོ་རིག་མཁན་པོ་རིམ་བྱོན་གྱི་མཛད་རྣམ་མདོར་བསྡུས»དང«གསོ་རིག་རྒྱུད་བཞིའི་སྣང་བརྙན་གཅེས་བསྡུས»ཞེས་པར་སོ་སོར་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གཅིག་ལོའི་ཀྲུང་གོའི་གསོ་རིག་ལོ་རྒྱུས་ཡིག་ཆའི་དཔྱད་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་དང་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

བོད་ཀྱི་གསོ་རིག་ཆེད་མཁས་པ་བྱམས་པ་འཕྲིན་ལས་མཆོག་སྐུ་གཤེགས་པའི་གནས་ཚུལ་གོ་རྗེས། པེ་ཅིན་ན་ཚོགས་འདུ་ལ་ཞུགས་བཞིན་པའི་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཆིན་ལིན་དང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་གཉིས་ཀྱིས་ཁ་པར་གྱི་ལམ་ནས་བྱམས་པ་འཕྲིན་ལས་མཆོག་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བོ་དབྱིན་ཅེ་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་ཆེད་དུ་བྱམས་པ་འཕྲིན་ལས་མཆོག་གི་ཁྱིམ་དུ་སོང་ནས། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་། སྲིད་གཞུང་གིས་བྱམས་པ་འཕྲིན་ལས་མཆོག་སྐུ་གཤེགས་པར་མྱ་ངན་ཞུས་པར་མ་ཟད་ཁོང་གི་ཁྱིམ་མི་ལ་ཁམས་འདྲི་བྱས།

  • ལེ་ཚན་སྔོན་མ།:ཀྲུང་གོའི་མཚོ་སྔོན་བོད་རིགས་དྲ་བ་ཤར་གཏོང་བྱས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱི་ས་ཆུ་སྲུང་འཛིན་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་ཐད་ནས་ཕན་ནུས་མངོན་གསལ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།