གསེར་ཐར་རྫོང་གིས་ཞིང་པ་གླ་པའི་བཟའ་བཅའ་ཉེན་མེད་ལ་ཁག་ཐེག་བྱས།
དབྱངས་ཅན་གྱིས་བསྒྱུར། 2014-09-02
ཉེ་ཆར།གསེར་ཐར་རྫོང་གིས་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ཏེ་ལས་ཡུལ་སོ་སོའི་ཟ་ཁང་དུ་བཟའ་བཅའ་ཉེན་མེད་ཀྱི་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་ཆེན་པོ་བྱས་པ་དང་།དངོས་གནས་ཀྱིས་ཨར་ལས་རྒྱག་ཡུལ་གྱི་ཟ་ཁང་གི་བཟའ་བཅའ་ཉེན་མེད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བཟའ་བཅའ་ཐད་ཀྱི་བདེ་འཇགས་བྱུར་རྐྱེན་སྔོན་འགོག་བྱས་པར་བརྟེན།རྫོང་ཡོངས་ཀྱི་རྒྱ་ཆེ་བའི་ཞིང་པ་གླ་པའི་བཟའ་བཅའ་ཉེན་མེད་དང་ལུས་ཁམས་བདེ་ཐང་ལ་ཁག་ཐེག་བྱས་པ་རེད།
རྫོང་དེས་ཨར་ལས་རྒྱག་ཡུལ་སོ་སོའི་ཟ་ཁང་གིས་གནས་སྐབས་ཀྱི་བཟའ་བཅའ་ཞབས་ཞུའི་ཆོག་འཐུས་ལག་ཁྱེར་སྒྲུབ་གཉེར་བྱས་ཡོད་མེད་དང་།རྒྱུ་ཆ་ཉོ་སྒྲུབ།གསོག་ཉར།དངུལ་འཛིན་ལེན་ཚུལ།ཞིབ་བཤེར་རྩིས་ལེན་བྱས་ཚུལ་བཅས་དང་།ལས་སྣོན་བྱེད་སྟངས་ཚད་ལྡན་ཡིན་མིན།སྒྲིག་ཆས་དང་ཡོ་བྱད་ཆ་ཚང་ཡིན་མིན།འཁོར་རྒྱུག་རྒྱུན་ལྡན་ཡིན་མིན།ཟ་ཁང་གི་ཁོར་ཡུག་འཕྲོད་བསྟེན་ཐད་གཙང་སྦྲ་ཡིན་མིན་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས་པ་དང་།ཞིབ་རྩད་ཆོད་པའི་གནད་དོན་ལ་བསམ་འཆར་བཏོན་པ་མ་ཟད།འོག་རིམ་ལ་བཀའ་ཕབ་ནས་ལེགས་བཅོས་བྱེད་དགོས་པའི་བརྡ་ཡིག་སྤྲད་པ་རེད།ཐེངས་འདིའི་ཞིབ་བཤེར་ལས་ཀའི་ཁྲོད་ཁྲིམས་འཛིན་མི་སྣ་ཁྱོན་བསྡོམས་མིའི་ཐེངས་གྲངས6དང་རླངས་འཁོར་ཐེངས་གྲངས2མངག་གཏོང་བྱས་པ་དང་།ཨར་ལས་རྒྱག་ཡུལ་གྱི་ཟ་ཁང8ལ་ཞིབ་བཤེར་དང་འོག་རིམ་ལ་ལེགས་བཅོས་ཡི་གེ་8སྤྲད་པ་རེད།