མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2013-09-30
ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕེན་གྱིས་ཨ་ཧྥུ་ཧན་གྱི་ཙུང་ཐུང་ཁྲ་ཨར་ཀྲ་དབྱི་དང་གྲོས་མོལ་མཛད་པ་དང་། གྲོས་མོལ་མ་མཛད་པའི་སྔོན་ལ། ཞི་ཅིན་ཕེན་གྱིས་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ནས་ཁོ་རང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་བ་བྱས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་ཨ་ཧྥུ་ཧན་གྱི་ཙུང་ཐུང་ཁ་ཨར་ཀྲ་དབྱི་དང་གྲོས་མོལ་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཨ་ཧྥུ་ཧན་གྱི་གནས་བབ། དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད། ཀྲུང་གོ་དང་ཨ་ཧྥུ་ཧན་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ལྟ་ཚུལ་གཅིག་མཐུན་བྱུང་།
ཞི་ཅིན་ཕེན་གྱིས་ཁ་ཨར་ཀྲ་དབྱི་དང་གྲོས་མོལ་མཛད་སྐབས་ཀྲུང་གོ་དང་ཨ་ཧྥུ་ཧན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གྲོས་གཞི་ལྔ་བཏོན། གཅིག མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་སྲུང་འཛིན་བྱས་ནས། གནད་དོན་གལ་ཆེན་ཐད་ནས་འཐབ་ཇུས་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་པ་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། གཉིས། དཔལ་འབྱོར་ཉོ་ཚོང་དང་བཟོ་སྐྲུན་འགན་གཙང་ལེན། ཐོན་ཁུངས་ནུས་ཁུངས་གསར་སྤེལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་མང་དུ་གཏོང་དགོས། གསུམ། བདེ་འཇགས་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་དུ་དུག་རྫས་ལྐོག་འཚོང་དང་རྒྱལ་ཁོངས་བརྒལ་ནས་ནག་ཉེས་བཟོ་བ་སོགས་ལ་རྡུང་རྡེག་ནན་མོ་བྱེད་དགོས། བཞི། མི་གཞུང་བརྗེ་རེས་རྒྱ་བསྐྱེད་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨ་ཧྥུ་ཧན་ཕྱོགས་ལ་རིགས་མི་འདྲ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་འདོད་ཡོད། ལྔ། མཉམ་འབྲེལ་རྒྱལ་ཚོགས་སོགས་སྤྱི་ཁོག་ནང་གི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་ཨ་ཧྥུ་ཧན་གནད་དོན་ཐད་ལ་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་དགོས་པ་བཅས་རེད།
ཁ་ཨར་ཀྲ་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨ་ཧྥུ་ཧན་གྱིས་ཞི་བདེ་དང་བདེ་འཇགས། བརྟན་འཇགས་བཅས་མངོན་འགྱུར་བྱེད་པ་དང་དེ་མིན་མཐའ་འཁོར་རྒྱལ་ཁབ་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་དགོས་པ་དང་། ཀྲུང་གོ་ཕྱོགས་ཨ་ཧྥུ་ཧན་གྱི་ནུས་ཁུངས་དང་ཐོན་ཁུངས་གསར་སྤེལ་ཁྲོད་དུ་ཞུགས་པར་དགའ་བསུ་ཞུ་བཞིན་པར་མ་ཟད། ཨ་ཧྥུ་ཧན་ཕྱོགས་ཀྱི་ནུས་པའི་འཛུགས་སྐྲུན་ལ་རོགས་རམ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10