རྒྱལ་ཁབ་ལ་དགའ་ཞེན་དང་ཆོས་ལ་དགའ་ཞེན་ཆེ་བའི་སྤྲུལ་སྐུ20དང་སྲིད་གཞུང་གིས་ཆོག་མཆན་གསར་པ་གནང་བའི་ཡང་སྲིད5བཅས་ལ་ཐོབ་ཐང་ལག་ཁྱེར་གནང་།
ཟླ་བ12པའི་ཚེས24ཉིན། སི་ཁྲོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཐོབ་ཐང་ལག་ཁྱེར་གནང་བའི་ཚོགས་འདུ་དེ་ཁྲེང་ཏུའུ་རུ་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཁྲུང་ཞི། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ། འཐབ་ཕྱོགས་གཅིག་འགྱུར་པུའུའི་པུའུ་ཀྲང་ཁྲེང་ཀོང་ཀྲི་བཅས་ཚོགས་འདུ་ལ་ཞུགས་ནས་སྤྲུལ་སྐུ་རྣམས་ལ་བདེ་འདྲི་གནང་བར་ཕེབས་ནས་ཁོང་ཚོ་དང་བཞུགས་མོལ་གནང་ཞིང་དྲན་རྟེན་གྱི་འདྲ་པར་བླངས།
བཞུགས་མོལ་གནང་སྐབས་ལི་ཁྲུང་ཞིས་རང་རེའི་ཞིང་ཆེན་གྱི་མིག་སྔར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་མཚམས་སྦྱོར་གནང་བ་མ་ཚད་བོད་བརྒྱུད་ནང་བསྟན་དང་ཁྱད་པར་དུ་སྤྲུལ་སྐུ་རྣམས་ལ་རེ་འདུན་དང་བླང་བྱ་བཏོན། ལི་ཁྲུང་ཞིས་སྟོན་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་བོད་ཁུལ་ལས་ཀ་དང་བོད་བརྒྱུད་ནང་བསྟན་གྱི་ལས་ཀ། བོད་བརྒྱུད་ནང་བསྟན་གྱི་དགེ་རྒན་དང་ལས་བྱེད་པ། སྤྲུལ་སྐུའི་ཐོབ་ཐང་དང་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱས། ལག་ཁྱེར་དོ་དམ་བཅས་འབྲེལ་ཡོད་སྡེ་ཁག་གི་ཡང་བསྐྱར་བརྟག་དཔྱད་ཞིབ་འཇུག་བྱས་པ་མ་ཟད་གྲ་སྒྲིག་ལེགས་པོ་བྱས་པ་རེད།
ལི་ཁྲུང་ཞིས་རང་རེའི་ཞིང་ཆེན་གྱི་རྒྱ་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་མི་སྣ་དང་ཁྱད་པར་དུ་རྒྱ་ཆེ་བའི་སྤྲུལ་སྐུ་རྣམས་ཀྱིས་བོད་ཁུལ་མཆོང་རྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་ནུས་པ་གལ་ཆེན་འདོན་ཡོད་ལ། བོད་བརྒྱུད་ནང་བསྟན་གྱི་མི་སྣ་ཕལ་ཆེ་བ་ནི་རྒྱལ་ཁབ་ལ་དགའ་ཞེན་དང་ཆོས་ལ་དགའ་ཞེན་ཆེ་མཁན་ཡིན་པས་ཏང་དང་སྲིད་གཞུང་གི་ཡིད་ཆེས་དང་རྒྱབ་བརྟེན་གྱི་རྨང་གཞི་ཡིན། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་མི་སྣས་མུ་མཐུད་ནས་རྒྱལ་ཁབ་ལ་དགའ་ཞེན་དང་ཆོས་ལ་དགའ་ཞེན་བྱེད་པའི་ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་གཏོང་དགོས་ལ། ཧུར་བརྩོན་གྱིས་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་བོད་བརྒྱུད་ནང་བསྟན་གྱི་སྲིད་ཇུས་དོན་འཁྱོལ་དྲིལ་བསྒྲགས་གནང་བར་གཞོགས་འདེགས་བྱེད་དགོས་པ་དང་། ཆོས་དད་ཅན་ལ་ཞབས་འདེགས། སྤྱི་ཚོགས་ལ་ཞབས་འདེགས། བོད་བརྒྱུད་ནང་བསྟན་རྒྱུན་ལྡན་གྱི་རིམ་པ་དང་བོད་ཁུལ་སྤྱི་ཚོགས་དེ་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།
བྱམས་པ་སྐལ་བཟང་བསྟན་འཛིན་མཁས་གྲུབ་དང་སྤེན་མཁའ་སྐལ་བཟང་རིན་ཆེན། བྱམས་མགོན་བློ་བཟང་ཡེ་ཤེས་དབང་ཕྱུག་སོགས་རྒྱལ་ཁབ་ལ་དགའ་ཞེན་དང་ཆོས་ལ་དགའ་ཞེན་ཡོད་པའི་སྤྲུལ་སྐུ20དང་སྲིད་གཞུང་གིས་ཆོག་མཆན་གསར་པ་གནང་བའི་ཡང་སྲིད5བཅས་ལ་ཐོབ་ཐང་ལག་ཁྱེར་གནང་བ་རེད།