སི་ཁྲོན་ཞིང་ཆེན་གྱིས་མི་རིགས་ས་ཁུལ་གྱི་སློབ་གསོ་ལ་བརྒལ་གཏོར་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་ཁག་ཐེག་བྱས་པ།

ཚེ་རིང་སྒྲོལ་མ།        2010-12-27

གསར་འགོད་པས་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན་ཚོགས་པའི་སི་ཁྲོན་ཞིང་ཆེན་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་ནས་ཤེས་པའི་གནས་ཚུལ་ལྟར་ན། «སི་ཁྲོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་བཅུའི་འགུལ་སྐྱོད་འཆར་གཞི»ཞེས་པ་འགྲེམ་སྤེལ་བྱས་པ་དང་། འགུལ་སྐྱོད་འཆར་གཞི་གསར་བའི་ནང་དུ། ཉིས་སྟོང་ཉི་ཤུ་ལོར་ཐོན་སྐབས། སི་ཁྲོན་ཞིང་ཆེན་མི་རིགས་ས་ཁུལ་གྱི་སློབ་གསོར་ཡོངས་ཁྱབ་སྒོས་བརྒལ་གཏོར་རང་བཞིན་གྱི་འཕེལ་རྒྱས་འབྱུང་རྒྱུ་དང་། མི་རིགས་ས་ཁུལ་གྱི་སློབ་གསོ་ལས་རིགས་ཀྱི་དམིགས་འབེན་གཙོ་བོ་དང་མི་དམངས་ཀྱི་སློབ་གསོ་མྱོང་བའི་ཆུ་ཚད་སི་ཁྲོན་ཞིང་ཆེན་གྱི་ཆ་སྙོམས་ཆུ་ཚད་ལ་བསླེབ་ཏུ་འཇུག་རྒྱུ། མ་འོངས་པའི་ལོ་བཅུའི་ནང་། སི་ཁྲོན་ཞིང་ཆེན་གྱིས་ལོ་རེར་ཆེད་དོན་མ་དངུལ་སྒོར་མོ་དུང་ཕྱུར་བདུན་འགུལ་སྐྱོད་འཆར་གཞི་གསར་བ་ལག་བསྟར་བྱེད་པའི་ཐད་བཀོལ་རྒྱུ་བཅས་གཏན་ཁེལ་བྱས་ཡོད།  
 ཉིས་སྟོང་གཅིག་ལོ་ནས་བཟུང་། སི་ཁྲོན་ཞིང་ཆེན་གྱིས་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་བཅུའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་པ་དང་། ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་གྱིས་བསྡོམས་པས་མ་དངུལ་སྒོར་མོ་དུང་ཕྱུར་དྲུག་ཅུ་རེ་ལྔ་ལྷག་བཏང་སྟེ། སློབ་གྲྭ་སྟོང་གསུམ་དང་ལྔ་བརྒྱ་ཉི་ཤུ་ཉེར་གསུམ་གསར་དུ་ལས་པ་དང་རྒྱ་བསྐྱེད་ཅིང་། རྫོང་ལྔ་བཅུར་ལོ་དགུའི་འོས་འགན་སློབ་གསོ་ཕལ་ཆེར་ཁྱབ་གདལ་དུ་བཏང་ལ། སློབ་མ་འབུམ་བཞི་དང་ཁྲི་དྲུག་སློབ་གྲྭར་བཅའ་སྡོད་བྱེད་དུ་བཅུག་པ་དང་། དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མ་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་བཞི་ལྷག་ལ་འཚོ་བའི་ཁ་གསབ་རོགས་སྐྱོར་བྱས།
 སི་ཁྲོན་ཞིང་ཆེན་གྱིས་ད་རུང་མི་རིགས་མཐུན་སྒྲིལ་སློབ་གསོ་དང་། སློབ་གྲྭ་སྒྲུབ་པའི་ཆ་རྐྱེན་ལེགས་བཅོས་བྱེད་པ། དགེ་རྒན་གྱི་དཔུང་སྡེ་འགན་སྲུང་མ་ལག་འཛུགས་པ། སློབ་མའི་འགན་སྲུང་མ་ལག་འཛུགས་པ། སྐད་གཉིས་སློབ་གསོ་བཅས་བཟོ་སྐྲུན་ཆེན་པོ་ལྔ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། མི་རིགས་ས་ཁུལ་དུ་རིན་མི་དགོས་པར་འབྲིང་རིམ་ལས་རིགས་སློབ་གསོ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཏེ། སློབ་གསོའི་ཁ་གཏད་རོགས་སྐྱོར་བྱེད་ཡུལ་དང་། སློབ་གསོའི་གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་གཞིས་ཀ་རྩེ་ཡིས་བྱེད་ཐབས་ཆེན་པོ་དྲུག་སྤྱད་དེ་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱས་ནས་ལས་ཞུགས་ཀྱི
  • ལེ་ཚན་རྗེས་མ།:ད་ལོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ལ་ཚན་རྩལ་རོགས་སྐྱོར་མ་དངུལ་སྒོར་མོ་བྱེ་བ་བཞི་དང་
  • དོ་སྣང་ཆེ་བའི་རྩོམ།