མཚོ་སྔོན་དུ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་འདོན་སྤེལ་བྱེད་པའི་ཞིབ་སྦྱོང་འཛིན་གྲྭ་བསྡུས།
བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-10-15
ཟླ10པའི་ཚེས11ཉིན། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོང་དང་ཚན་རྩལ་ལ་བརྟེན་ནས་འདོན་སྤེལ་བྱེད་པའི་མཐོ་རིམ་ཞིབ་སྦྱོང་འཛིན་གྲྭ་དེ་ཟི་ལིང་དུ་བསྡུས་པ་རེད། ཞིང་ཆེན་ཕྱི་ནང་ནས་ཡོང་བའི་སློབ་མ་བརྒྱད་ཅུ་ལྷག་གིས་ཉིན་ལྔའི་རིང་དུ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་གནས་བབ་དང་ཚན་རྩལ་ལ་བརྟེན་ལ་འདོན་སྤེལ་བྱེད་པའི་འཐབ་ཇུས་ཀྱི་དོན་སྙིང་། རྒྱལ་ཁབ་ཕྱི་ནང་དུ་ཚན་རྩལ་ལ་བརྟེན་ནས་དབྱར་རྩྭ་དགུན་འབུ་འདོན་སྤེལ་བྱས་པའི་གྲུབ་འབྲས། མིས་འདེབས་འཛུགས་བྱེད་པའི་མདུན་ལྗོངས། བོད་ལུགས་གསོ་རིག་ཁྲོད་ཀྱི་བཀོལ་སྤྱོད་དང་གྲུབ་འབྲས་སོགས་དང་འབྲེལ་ནས་གཏིང་ཟབ་སྒོས་སློབ་སྦྱོང་དང་ཞིབ་འཇུག་གནང་བ་རེད།
ཐེངས་འདིའི་ཞིབ་སྦྱོང་འཛིན་གྲྭར་ཀྲུང་གོའི་ཚན་རྩལ་གླིང་གི་སྐྱེ་དངོས་ཞིབ་འཇུག་ཐད་ཀྱི་ཆེད་མཁས་རྣམས་གདན་འདྲེན་ཞུས་ཏེ་སློབ་ཁྲིད་བྱས་ཐོག ཕན་ཚུན་བརྗེ་རེས་དང་ཁེ་ལས་སུ་སོང་ནས་གཟིགས་ཞིབ་གནང་བ་སོགས་ཀྱི་རྣམ་པ་བརྒྱུད་ནས་བསྡུས་པ་རེད།