བོད་ལྗོངས་ཤར་རྒྱུད་ཀྱི་གྲོང་ཚོ་ཆུང་ཆུང་གིས་དབུལ་སྐྱོར་མཛད་སྒོ་སྤེལ།
ཡེ་ཤེས་ཀྱིས་བསྒྱུར། 2016-11-18
ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ11པའི་ཚེས8ཉིན་འབྱོར་བའི་གཏམ་གསར། དགུན་དུས་སུ་མཚོ་བོད་མཐོ་སྒང་དུ་གྲང་རླུང་ངར་མ་ལྡང་ཡང་ལྷ་ས་དང་སྤྱི་ལེ1000རྒྱང་བའི་བོད་ལྗོངས་ཤར་རྒྱུད་ཀྱི་ཞེ་སྨད་གྲོང་ཚོའི་གྲོང་མིའི་ཨུ་ཡོན་ལྷན་ཁང་དུ་ལས་བྱེད་པ་དང་མང་ཚོགས་ཚོ་མཉམ་དུ་འཛོམས་ཏེ་ཐུན་མོང་མ་ཡིན་པའི་དབུལ་ཐར་མཛད་སྒོ་ཞིག་སྤེལ་བ་རེད། དབུལ་པོ་ལས་ཐར་བའི་མང་ཚོགས21གིས་རེ་རེ་བཞིན་མིང་ཐོ་བཀོད་པ་དང་། མཛུབ་ཐེལ་མནན་པ་དང་མཛད་སྒོའི་ཐོག་དགའ་སྤྲོའི་ཐལ་མོ་རྡེབ་སྒྲ་གྲག་ཅིང་མི་རྣམས་ཀྱི་སེམས་པ་དྲོད་ལམ་ལམ་གྱུར་པ་རེད།
ཅོག་ཙེའི་ཐོག་དབུལ་ཐར་གྱི་དྲིལ་བསྒྲགས་ལག་དེབ་བཞག་ཡོད་ཅིང་། ནམ་རྒྱུན་དང་མི་འདྲ་བ་ནི་ཅོག་ཙེའི་སྟེང་ད་དུང་དབུལ་ཐར་ཐོ་འགོད་རེའུ་མིག་གཅིག་དང་། ཐམ་ཚོན་དམར་པོ་དང་ཐམ་ག་དམར་པོ་ཞིག་བཞག་འདུག ཞེ་སྨད་གྲོང་ཚོའི་དབུལ་པོའི་དུད་ཚང21ཡུལ་མི་ཚོའི་བདེན་དཔང་འོག་ཏུ་དབུལ་ཞྭ་ཕུད་ཐུབ་པ་བྱུང་བ་རེད།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཞེ་གཞུང་ཤང་ཞེ་སྨད་གྲོང་ཚོར་དུད་ཚང340དང་གྲོང་མི2250ཡོད་པ་རེད། དེའི་ནང་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་པོའི་དུད་ཚང85ཡོད། ད་ལོ་ནས་བཟུང་ཞེ་སྨད་གྲོང་ཚོས་དབུལ་སྐྱོར་གནད་སྨིན་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ཞེ་གཞུང་ཤང་གི་ཏང་ཨུ་དང་སྲིད་གཞུང་གིས་གྲོང་ཚོ་སོ་སོའི་དབུལ་སྐྱོར་ལས་ཀའི་ལས་འགན་དོན་འཁྱོལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། སེམས་རྣལ་དུ་ཕབ་པ་དང་བརྩེ་དུང་བཅོལ་བ། ནུས་ཤུགས་བཏོན་པ་བཅས་ཀྱི་སྒོ་ནས་དབུལ་སྐྱོར་བྱེད་དགོས་ངེས་ལ་དབུལ་སྐྱོར་བྱས་ཡོད།
ཡུན་མི་རིང་བའི་སྔོན་དུ། ལས་སྒྲུབ་མི་སྣས་དུད་ཚང་རེ་རེའི་ཁྱིམ་དུ་བསྐྱོད་དེ་དབུལ་ཕོངས་ཀྱི་གནས་ཚུལ་ལ་ཞིབ་བསྡུར་དང་བརྟག་དཔྱད་གཏན་འཁེལ་བྱས་ཡོད། ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང21གི་ཆ་སྙོམས་མི་རེས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ནི2016ལོའི་དབུལ་སྐྱོར་ཚད་གཞིའི་སྒོར3311ལས་མཐོ་རུ་སོང་བས། བཟའ་རྒྱུ་དང་གྱོན་རྒྱུ། སྡོད་ས་སོགས་ལ་སེམས་ཁྲལ་བྱེད་མི་དགོས་པ་དང་། ལག་རྩལ་ལྡན་པ། ལས་ཞུགས་བྱེད་ཐུབ་པ། དངུལ་སྤྱད་རྒྱུ་ཡོད་པ། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྤྱི་ཚོགས་འགན་སྲུང་བཅས་ལ་འགན་སྲུང་ཡོད་པའི་དམིགས་འབེན་མངོན་འགྱུར་བྱས་ཡོད་པས། དབུལ་ཐར་གྱི་ཆ་རྐྱེན་དང་འཚམ་པ་རེད།