ད་ལོའི་ཟླ12པའི་ཟླ་སྨད་ནས་བཟུང་མཚོ་སྔོན་བོད་ཁུལ་དུ་རླངས་འཁོར་ཁ་ལོ་བའི་བོད་སྐད་རྒྱུགས་གཞི་མ་ལག་ལག་བསྟར་བྱ་རྒྱུ་རེད།

    ཀྲུང་གོ་བོད་ཀྱི་དྲ་བ།    2016-11-16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ནས་རྒྱུས་ལོན་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། མཚོ་སྔོན་གྱི་བོད་རིགས་མང་ཚོགས་ཀྱིས་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་སྐབས་སྐད་ཡིག་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱེད་ཆེད། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་དང་ཆེད་ལས་ལག་རྩལ་རུ་ཁག་གིས་མཉམ་འབྲེལ་བྱས་ནས་རླངས་འཁོར་ཁ་ལོ་བའི་བོད་སྐད་ཀྱི་རྒྱུགས་གཞི་མ་ལག་གསར་སྤེལ་བྱས་པ་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་དངོས་སུ་བེད་སྤྱོད་བྱེད་འགོ་བརྩམས། ད་ལོའི་ཟླ12པའི་ཟླ་མཇུག་ནས་བཟུང་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་དུ་ཕྱོགས་ཡོངས་ནས་བོད་རིགས་མང་ཚོགས་ཀྱི་རླངས་འཁོར་ཁ་ལོ་བའི་བོད་སྐད་ཡིག་གི་རྒྱུགས་གཞི་མ་ལག་ལག་བསྟར་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རླངས་འཁོར་ཁ་ལོ་བའི་བོད་སྐད་ཡིག་གི་རྒྱུགས་གཞི་མ་ལག་ནི་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་བོད་ཁུལ་མང་ཚོགས་ཀྱིས་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་པའི་གོ་རིམ་ཁྲོད་རྒྱ་སྐད་མི་ཤེས་བ་དང་། རྒྱུགས་ཚན་དང་པོ་དང་རྒྱུགས་ཚན་གསུམ་པའི་བདེ་འཇགས་དཔལ་ཡོན་རྒྱུན་ཤེས་ཀྱི་རྒྱུགས་ལེན་དཀའ་བ། རྒྱུགས་འཕྲོད་ཚད་དམའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཆེད་གསར་སྤེལ་བྱས་པ་ཡིན། མ་ལག་འདི་ནི་ད་ལྟར་ཡོད་པའི་རྒྱུགས་གཞིའི་མ་ལག་གི་རྨང་གཞི་སྟེང་། རྒྱུགས་གཞི་རྒྱ་བོད་སྐད་གཉིས་སུ་བསྒྱུར་ཡོད་པ་མ་ཟད། ས་གནས་ཀྱི་བོད་སྐད་སྐད་སྦྱོར་བྱས་པའི་རྒྱུགས་གཞི་ཞིག་ཡིན་པས། གོ་སླ་བ་དང་སྦྱང་སླ་བ། དྲི་ལན་འདེབས་བདེ་བའི་ཁྱད་ཆོད་ལྡན། རྒྱུགས་གཞིའི་ནང་དོན་ཁྱབ་ཆེ་ལ་པར་རིས་དང་ཡི་གེ་ཟུང་དུ་སྦྲེལ་བ་དང་སྐད་ཆའི་བརྗོད་སྟངས་གནད་ཏུ་འཁེལ་ཡོད། སློབ་སྦྱོང་དང་རྒྱུགས་ལེན་སྐབས་བཀོལ་སྤྱོད་བདེ་བ་དང་ཚིག་སྦྱོར་བདེ་བས་རྒྱུགས་གཞི་མ་ལག་འདིས་མི་གཤིས་ཅན་གྱི་ཇུས་འགོད་འདུ་ཤེས་མངོན་པར་མཚོན་ཡོད།  །

  • ལེ་ཚན་སྔོན་མ།:པད་མ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ》བོད་ཡུལ་དུ་སྟོན་འཆར་ཡོད་པ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར40ལྷག་བཏང་ནས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་ཆ་རྐྱེན་ལེགས་བཅོས་བྱས།
  • དོ་སྣང་ཆེ་བའི་རྩོམ།