བོད་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རྩལ་གྱིས་ཕྱུག་འགྱུར་གྱི་ལམ་བུ་བཏོད།
གངས་སྐྱིད་ཀྱིས་བསྒྱུར། 2016-10-21
ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། སྣམ་བུ་ནི་བོད་ལྗོངས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་གྱི་ལག་བཟོའི་བལ་སྤུའི་འཁལ་འཐག་ཐོན་རྫས་ཤིག་ཡིན་ལ་གཙོ་བོ་མི་རིགས་ཀྱི་གོས་རྒྱན་དང་། ལྷམ་དང་ཞྭ་མོ། བལ་གདན་སོགས་བཟོས་པ་རེད། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་དེང་རབས་ཀྱི་ཚན་རྩལ་བེད་སྤྱོད་བྱས་ཏེ་སྣམ་བུ་ལག་བཟོའི་བཟོ་རྩལ་ལེགས་བཅོས་བྱས་ནས་སྣམ་བུ་རིགས་ཀྱི་ཐོན་རྫས་ཀྱི་སྤུས་ཚད་དང་འཚོང་ཚད་མཐོ་རུ་བཏང་སྟེ་མེས་པོས་བཞག་པའི་སྲོལ་རྒྱུན་བཟོ་རྩལ་གྱི་ཁྲོད་དུ་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་བཏོད་པ་རེད།
སྔོན་མར་སྣམ་བུའི་བཟོ་རྩལ་ནི་རྗེས་ལུས་ཙམ་ཡིན་ལ་སྣམ་བུའི་ལས་སྣོན་བྱེད་མཁན་ཁེ་ལས་ཆ་ཤས་ཀྱིས་ལག་ཤེས་ལ་བརྟེན་ནས་སྣམ་བུའི་ཁུག་མ་ལས་མི་བཟོས་པས་ཐོན་རྫས་མཐོན་པོ་མེད་ལ་སྤུས་ཚད་ཀྱང་ཞན། དེང་རབས་ཀྱི་སྣམ་བུ་བཟོ་གྲྭ་སྤྱི་གཉེར་ཁང་གི་སྤྱིའི་གཙོ་གཉེར་པ་ཆོས་གྲགས་ཀྱིས་ལག་བཟོའི་སྣམ་བུ་ལས་སྤུ་རིལ་རིལ་ཆགས་སླ་བའི་གནད་དོན་ཐག་གཅོད་བྱ་ཆེད། ང་ཚོས་ཆེད་དུ་སྣམ་བུའི་བལ་འབྲེག་པའི་འཕྲུལ་ཆས་ཤིག་ཇུས་འགོད་བྱས་ཏེ་ཟླ་བ3ལྷག་གི་ཚོད་ལྟ་བྱས་པར་བརྒྱུད། སྣམ་བུའི་བལ་འབྲེག་པའི་འཕྲུལ་ཆས་དེ་ཇུས་འགོད་དང་། ལྷུ་ལག་འཚོལ་སྡུད།སྡེབ་སྒྲིག་སྒྲིག་སྦྱོར་བྱས་མཐར་སྲོལ་རྒྱུན་གྱི་བཟོ་རྩལ་ལ་ལེགས་བཅོས་བྱས་ཐུབ་ཡོད་ཅེས་བཤད།
གྲ་ནང་རྫོང་གི་སྣམ་བུའི་གྲོང་ཚོ་ཨང་དང་པོའི་མཚན་སྙན་ཐོབ་པའི་སེང་གོང་གྲོང་སྡེར་གྲོང་མི་ཚོས་ལག་རྩལ་གསར་པ་ལ་བརྟེན་ནས་སྣམ་བུའི་ལས་སྣོན་གྱི་མཉམ་ལས་ཁང་བསྐྲུན་ཡོད། མཉམ་ལས་ཁང་གི་འགན་ཁུར་པ་སྐལ་བཟང་ནོར་བུ་ཡིས་མཉམ་ལས་ཁང་གི་གྲོང་མི30ལྷག་ལ་ཞིང་ལས་དལ་བའི་དུས་སུ་ཡོང་འབབ་འཕར་སྣོན་བྱ་རྒྱུའི་ཐབས་ལམ་འདོན་སྤྲོད་བྱས་སྟབས། ཡུལ་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་འཕར་སྣོན་བྱུང་བར་མ་ཟད། ད་དུང་ཁ་ཕྱོགས་གཏན་འཁེལ་གྱིས་གྲོང་ཚོའི་བལ་ཉོ་སྒྲུག་བྱས་པས་མང་ཚོགས་རྣམས་སྒོ་ཕྱིར་འགྲོ་མི་དགོས་པར་ཡོང་འབབ་འཕར་སྣོན་དང་ཕྱུག་པོར་འགྱུར་བཞིན་ཡོད་ཅེས་བཤད།
ཚན་རྩལ་གྱིས་གསར་སྐྲུན་བྱས་པའི་དབང་གིས2015ལོ་ཁོ་ནར་གྲ་ནང་རྫོང་གི་སྣམ་བུའི་ཐོན་ལས་རིན་ཐང་དེ་སྒོར་ཁྲི2172ལ་བསླེབས་ཏེ་གཏན་འཁེལ་གྱི་མི་ལག420འགུགས་ཡོད་དོ།།