ལི་ཐང་རྫོང་གི་ལག་བཟོའི་ཐོན་རྫས་ཧྲན་ཏུང་ཙི་པོར་སྐད་གྲགས་ཁྱབ།

སྐལ་བཟང་རྒྱ་མཚོས་བསྒྱུར།        2016-10-25

ཟླ10པའི་ཚེས12ཉིན། ལི་ཐང་རྫོང་གི་ལག་བཟོའི་ཐོན་རྫས་ལ་ཧྲན་ཏུང་མི་དམངས་ཀྱིས་སྐད་ཆ་བཤད་འདོད་ཡོད་ཅེས་པའི་སི་ཁྲོན་ལི་ཐང་དང་ཧྲན་ཏུང་ཙི་པོའི་ལག་བཟོའི་ཐོན་རྫས་ཚོང་གཉེར་བྱེད་མཁན་ཚོའི་འཕྲིན་ཕྲན་གྱི་གྲོགས་ཚོམས་སུ་དྲག་ཏུ་ཁྱབ་པ་རེད།
ལི་ཐང་རྫོང་གི་ལག་བཟོའི་ཐོན་རྫས་ལ་ཧྲན་ཏུང་ཙི་པོའི་ཡུལ་མི་ཚོས་སྤྲོ་བ་ཇི་ལྟར་སྐྱེས་པ་རེད་ཅེ་ན། ད་ལོར། ཧྲན་ཏུང་ཙི་པོའི་མིག་ལྟོས་རིམ་ལད་སྒྱུ་རྩལ་ཁང་གི་ཇུས་འགོད་པ་ལིའུ་ཁོས་ལི་ཐང་དུ་བྱ་བ་སྒྲུབ་ཞོར་ཡུལ་སྐོར་བྱེད་པའི་སྐབས་སུ། ཁོང་གིས་ལི་ཐང་གི་ཡུལ་ལྗོངས་དང་རིག་གནས་ལ་སྤྲོ་བ་ཟབ་མོ་ཞིག་སྐྱེས་པ་རེད། ཁོང་ཕ་ཡུལ་ཧྲན་ཏུང་དུ་ལོག་རྗེས། ཁོང་གིས་ལི་ཐང་གི་ལག་བཟོའི་ཐོན་རྫས་དང་ཡུལ་ལྗོངས་ཀྱི་འདྲ་པར་མིག་ལྟོས་རིམ་ལད་སྒྱུ་རྩལ་ཁང་དུ་ཡུན་རིང་འགྲེམས་སྟོན་བྱས་པས། ས་དེ་གའི་ཡུལ་མིས་ལི་ཐང་གི་ཡུལ་སྲོལ་ཆ་ལུགས་ལ་ཆ་རྒྱུས་གསར་པ་ཞིག་ལོན་པ་རེད།
ལི་ཐང་རྫོང་སྲིད་གཞུང་དང་ཤང་སྲིད་གཞུང་། སྒྱུ་རྩལ་པ། པར་རྒྱག་པ། ལག་ཤེས་བཟོ་རྩལ་པ་སོགས་ཀྱིས་རོགས་རམ་དང་རྒྱབ་སྐྱོར་འོག་ཏུ།  ཟླ9པའི་ཚེས17ཉིན། ལི་ཐང་ཡེ་ཤེས་རིག་གནས་ཁང་གིས་གཙོ་གཉེར་བྱེད་པའི་ལི་ཐང་གི་རིག་གནས་འགྲེམས་སྟོན་མཛད་སྒོ་དེ་མིག་ལྟོས་རིམ་ལད་སྒྱུ་རྩལ་ཁང་དུ་སྤེལ་འགོ་བཙུགས་པ་རེད། ཐེངས་འདིར་ལི་ཐང་གི་ལག་བཟོའི་ཐོན་རྫས་ཀྱི་འགྲེམས་སྟོན་ཐོག་ལི་ཐང་གེ་མོ་ཤང་གིས་རིན་པ་མི་དགོས་པར་གཡར་བཏང་བྱས་པ་དང་མི་སྒེར་གྱིས་ཉར་ཚགས་བྱས་པའི་བཤམ་རྫས་ཡོད་པར་མ་ཟད། ད་དུང་སྒྱུ་རྩལ་པ་དང་པར་རྒྱག་པས་འདོན་སྤྲོད་བྱས་པའི་བཤམ་རྫས་སོགས་འདུས་པ་རེད། ཙི་པོའི་སྒྱུ་རྩལ་པ་དང་ལག་བཟོའི་ཐོན་རྫས་ཚོང་གཉེར་བྱེད་མཁན་ཚོས་ལི་ཐང་གི་ལག་ཤེས་བཟོ་རྩལ་ལ་སྤྲོ་བ་ཆེན་པོ་སྐྱེས་པས། འགྲེམས་སྟོན་དེའི་ཉིན་མོར་མི1262འགྲེམས་སྟོན་གྱི་ཡུལ་དངོས་སུ་ལྟ་སྐོར་བྱེད་ས་ཡོང་བ་དང་ལི་ཐང་ངོ་སྤྲོད་བྱས་པའི་ཡུལ་སྐོར་གྱི་ལག་དེབ་དེབ800འགྲེམས་སྟོན་གྱི་ཡུལ་དངོས་སུ་འཕྲོག་ཉོ་བྱས་པ་རེད།
ལིའུ་ཁོས་བོད་རིག་གནས་ཀྱི་འགྲེམས་སྟོན་བཙུགས་པར་བརྒྱུད་ཧྲན་ཏུང་གི་ཡུལ་གྲུ་སྟེང་དུ་མཐོ་སྒང་རིག་གནས་ཀྱི་དར་སྲོག་ཞིག་ཆགས་པ་དང་། བོད་ཀྱི་རིག་གནས་ལ་སྤྲོ་བ་ཡོད་མཁན་ཚོར་སྔོན་ས་ནས་བོད་ཀྱི་རིག་གནས་ལ་ཆ་རྒྱུས་ལོན་ཐུབ་པ་རེད། འགྲེམས་སྟོན་ཁང་དུ་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་འགྲེམས་སྟོན་དང་ཉོ་ཚོང་བྱས་པར་མ་ཟད། མི་རྣམས་ལ་བོད་དུ་ཡུལ་སྐོར་འགྲོ་སྟངས་ཀྱང་ངོ་སྤྲོད་བྱས་པ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དབུལ་སྐྱོར་དངུལ་བུན་ཆུང་གྲས་བཏང་ཚད་སྒོར་དུང་ཕྱུར་ལས་བརྒལ།
  • ལེ་ཚན་རྗེས་མ།:རེས་དང་པོའི་ཁ་གཏད་རོགས་སྐྱོར་གྱི་ནང་དུ་ཞིང་ཆེན་ཡོངས་ཀྱིས་རང་ཁུལ་ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར22.46བཏང་ཡོད།
  • དོ་སྣང་ཆེ་བའི་རྩོམ།