ཞིང་སྡེའི་དངུལ་ལོར་བཅོས་བསྒྱུར་ལ་སྐུལ་སྤེལ་བྱས་ཏེ།གྲོང་སྡེའི་དཔལ་འབྱོར་གསོན་ཤུགས་ལྡན་པར་སྐུལ་མ་བཏང་།
མིག་དམར་གྱིས་བསྒྱུར། 2014-08-12
ཀྲེ་ཅང་ཞིང་ཆེན་ལྷོ་རྒྱུད་ས་ཁུལ་དུ་གནས་པའི་ཅིན་ཉིང་ཧྲེ་རིགས་རང་སྐྱོང་རྫོང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་རྒྱལ་ཡོངས་ཞིང་སྡེའི་དངུལ་ལོར་བཅོས་བསྒྱུར་ཚོད་ལྟ་བྱེད་ཁུལ་ཡིན་པ་དང་། ཀྲུང་དབྱང་དངུལ་ཁང་གིས་གཏན་འཁེལ་བྱས་པའི་རྒྱལ་ཡོངས་ཀྱི་ཀུན་ཕན་དངུལ་ལོར་མ་ལག་འཛུགས་སྐྲུན་བྱེད་པའི་ཚོད་ལྟ་རྫོང་ཡིན་ལ། ཀྲེ་ཅང་ཞིང་ཆེན་གྱི་ཉེན་འགོག་ཞབས་ཞུའི་དམངས་འཚོ་དཔེ་སྟོན་ཁུལ་ཨང་དང་པོའང་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། ས་ཉུང་ཞིང་རི་མང་བའི་ཅིན་ཉིང་རྫོང་གིས་ཞིང་སྡེའི་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ལ་སྐུལ་མ་གཏོང་ཆེད། ཞིང་གསུམ་གནད་དོན་སྐོར་གྱི་མ་དངུལ་སྡུད་རུབ་བྱེད་པའི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ་ཞིང་སྡེའི་དངུལ་ལོར་བཅོས་བསྒྱུར་བྱེད་པའི་ཐད་ལ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད། ས་གནས་དེ་གའི་སྲིད་གཞུང་གིས་ཞིང་སྡེའི་རྒྱུན་ནོར་གྱི་བདག་དབང་བཅོས་བསྒྱུར་བྱེད་པ་ནས་འགོ་བརྩམས་ཏེ། ཞིང་པའི་ས་ཞིང་སྤྱོད་དབང་གི་ལག་ཁྱེར་དང་ཁང་ཁོངས་ཀྱི་ལག་ཁྱེར། ནགས་དབང་ལག་ཁྱེར། རྐང་དབང་ལག་ཁྱེར། ས་ཞིང་འགན་གཙང་ལེན་གྱི་ལས་གཉེར་དབང་བའི་ལག་ཁྱེར། ཞིང་པའི་ཆུ་བེད་ཨར་ལས་ཐོན་དབང་ལག་ཁྱེར་བཅས་(ལག་ཁྱེར་དྲུག)སྒྲུབ་པ་དང་བདག་དབང་གཏན་འཁེལ། འཁོར་སྐྱོད་བྱེད་པ་བཅས་ལ་དམིགས་ནས་ཞིང་སྡེའི་ཐོན་དབང་གི་ཐོན་ཁུངས་སླར་གསོ་བྱུང་བས་ཞིང་སྡེའི་དངུལ་ལོར་བཅོས་བསྒྱུར་བྱེད་པར་དངོས་པོའི་རྨང་གཞི་སྲ་བརྟན་བཏིང་ཡོད། ཐོན་དབང་བཅོས་བསྒྱུར་དང་ཉེན་འགོག་གསར་སྐྲུན། ཡིད་རྟོན་མ་ལག་གི་འཛུགས་སྐྲུན་བཅས་ཕན་ཚུན་རམ་འདེགས་བྱས་པས་ས་གནས་དེ་གའི་ཞིང་སྡེའི་དངུལ་ལོར་བཅོས་བསྒྱུར་གྱི་རྣམ་པ་གསར་དུ་བསྒྱུར་པས། གྲོང་སྡེའི་དཔལ་འབྱོར་ལ་གསོན་ཤུགས་ལྡན་པར་སྐུལ་སློང་བྱས་ནས།ཞིང་པའི་ཡོང་འབབ་འཕར་བར་སྐུལ་སྤེལ་བྱས་ཏེ་གྲོང་ཁྱེར་དང་ཤང་གཅིག་འགྱུར་ཅན་དུ་ཡོང་བ་དང་ཞིང་སྡེ་གསར་པ་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་བ་རེད།