རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས༼ ཀྲུང་གོའི་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་མིའི་ཐོབ་ཐང་འགན་སྲུང་ཐད་ཀྱི་གོང་འཕེལ་གསར་པའི༽ དེབ་ཐེར་རྒྱབ་ཤ་དཀར་པོ་ཁྱབ་བསྒྲགས་བྱས།
གངས་སྐྱིད་ཀྱིས་བསྒྱུར། 2016-09-21
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ9པའི་ཚེས12ཉིན་འབྱོར་བའི་གཏམ་གསར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གོང་ཚེས་ཉིན《ཀྲུང་གོའི་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་མིའི་ཐོབ་ཐང་འགན་སྲུང་ཐད་ཀྱི་གོང་འཕེལ་གསར་པའི》དེབ་ཐེར་རྒྱབ་ཤ་དཀར་པོ་ཁྱབ་བསྒྲགས་བྱས་པ་རེད།
དེབ་ཐེར་རྒྱབ་ཤ་དཀར་པོར་ཡིག་འབྲུ13900ཡོད་ཅིང་། གླེང་གཞི་ཕུད་ཁག་བཞི་ཡོད་པ་སྟེ། རྒྱུན་ཆད་མེད་པར་མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་སྲུང་གི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་དང་། སྔར་ལས་ལྷག་པར་མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་སྲུང་གི་གོ་རིམ་འཐུས་སྒོ་ཚང་དུ་གཏོང་བ། མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་སྲུང་གི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་གང་ཐུབ་བྱེད་པ། བཀག་ཉར་བྱེད་པའི་མིའི་ཁྲིམས་མཐུན་དབང་ཆར་འགན་སྲུང་ནན་པོ་བྱེད་པ་བཅས་སོ།།
དེབ་ཐེར་རྒྱབ་ཤ་དཀར་པོའི་ནང་བཤད་དོན། ཁྲིམས་འཛིན་ནི་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པའི་ཆེས་རྟིང་མའི་འགོག་སྲུང་ར་བ་ཡིན་ལ། ཁྲིམས་འཛིན་ཁྱབ་ཁོངས་ཀྱི་མིའི་ཐོབ་ཐང་གི་འགན་སྲུང་ནི་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བའི་ནང་དོན་གལ་ཆེན་ཀྱང་ཡིན། ལོ་མང་པོའི་རིང་དང་ཁྱད་པར་ཀྲུང་གུང་ཀྲུང་དབྱང་གིས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོས་མི་དམངས་ཀྱི་གཙོ་གཞིའི་གོ་ས་རྒྱུན་འཁྱོངས་བྱས་ཡོད་ཅིང་། མི་གཙོ་བོར་བྱེད་པའི་འདུ་ཤེས་དམ་སྲུང་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་ཁག་ཐེག་བྱེད་པ། མི་དམངས་ཀྱི་དབང་ཆ་མངོན་འགྱུར་གང་ལེགས་བྱེད་པ། མི་དམངས་ཀྱི་ཁེ་དབང་འགན་སྲུང་གང་ལེགས་བྱེད་པ། ཚན་རིག་བརྟེན་ནས་ཁྲིམས་འཛུགས་པར་སྐུལ་འདེད་གཏོང་བ། ཁྲིམས་འཛིན་ནན་པོ་བྱེད་པ། ཁྲིམས་འཛིན་དྲང་གཞག་བྱེད་པ། དམངས་ཡོངས་ཀྱིས་བཅའ་ཁྲིམས་སྲུང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕན་ནུས་ལྡན་པའི་སྒོས་མི་དམངས་ཀྱིས་ཁྲིམས་ལྟར་རྒྱ་ཁྱབ་ཀྱི་དབང་ཆ་དང་རང་དབང་ལོངས་སྤྱོད་བྱེད་པ་དང་བསྒྲུབ་དགོས་པའི་འོས་འགན་འགྲུབ་པར་འགན་སྲུང་བྱས་ཡོད།
དེབ་ཐེར་རྒྱབ་ཤ་དཀར་པོའི་ནང་བཤད་དོན། མིའི་རིགས་ཀྱིས་དཔལ་ཡོན་ཡར་ཐོན་ལ་བརྩོན་ལེན་བྱེད་པ་དེ་ནམ་ཡང་རྫོགས་མཐའ་མེད། ཀྲུང་གོའི་ཁྲིམས་སྐྱོང་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་སྔར་བཞིན་བྱས་དང་བྱེད་བཞིན་ཡོད། རྒྱུན་ཆད་མེད་པར་ཀྲུང་གོའི་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་མིའི་ཐོབ་ཐང་གི་འགན་སྲུང་ལེགས་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་ནི་ཀྲུང་གོས་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཡང་ཡིན། ཀྲུང་གོས་རྒྱལ་ཁབ་རང་ཉིད་ཀྱི་རྒྱལ་ཚུལ་དང་བསྟུན་པ་རྒྱུན་འཁྱོངས་དང་། མིའི་རིགས་ཀྱི་ཁྲིམས་སྐྱོང་དཔལ་ཡོན་གྱི་ཕུལ་བྱུང་གྲུབ་འབྲས་ལ་དཔེ་བལྟས་ཤིང་། རྒྱུན་ཆད་མེད་པར་མིའི་ཐོབ་ཐང་གི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཀྱི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱེད་གང་ཐུབ་བྱེད་པ། སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ཡིན་ནོ།།