རང་རྒྱལ་གྱིས་སློབ་མའི་འཚོ་བཅུད་ལེགས་བྱ་རྒྱུའི་འཆར་གཞི་ལག་ལེན་བསྟར་ནས་ཕན་ཐོག་པའི་མི་ཁྲི༣༣༦༠ལས་བརྒལ།
ཡེ་ཤེས་ཀྱིས་བསྒྱུར། 2016-09-14
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ8འི་ཚེས30ཉིན་འབྱོར་བའི་གཏམ་གསར། སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཞིང་ཆེན29ཡི་སློབ་གྲྭ་ཁྲི13.7གྱིས་འཚོ་བཅུད་ལེགས་བཅོས་བྱ་རྒྱུའི་འཆར་གཞི་ལག་བསྟར་བྱས་ཏེ་ཕན་པ་ཐོབ་པའི་སློབ་མ་ཁྲི3360ལས་བརྒལ།
ཉིན་ལྟར་འོས་འགན་སློས་གསོའི་སློབ་གྲྭ་ཕྱེད་ལས་མང་བས་སློབ་མ་ཚོར་འཚོ་བཅུད་ལྡན་པའི་ཟས་སྤྲད་པ་དང་། བཞི་ཆ་གཅིག་ལ་ཉེ་བའི་འོས་འགན་སློབ་གསོའི་སློབ་མས་སློབ་གྲྭར་བཅུད་ལྡན་ཟས་ཟ་ཐུབ་ཀྱི་ཡོད།
2011ལོ་ནས་དབུལ་ཕོངས་ས་ཁུལ་དང་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མའི་འཚོ་བཅུད་དང་བདེ་ཐང་གི་ཆུ་ཚད་ལེགས་བཅོས་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར་སློབ་གསོ་པུའུ་ཡིས་ནོར་སྲིད་པུའུ་སོགས་སྡེ་ཚན15དང་ལག་སྦྲེལ་བྱས་ཏེ་ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་མའི་འཚོ་བཅུད་ལེགས་བཅོས་བྱ་རྒྱུའི་འཆར་གཞི་ལག་ལེན་བསྟར་འགོ་ཚུགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཁབ་རིམ་པའི་ཡུག་འབྲེལ་དམིགས་བསལ་དཀའ་ངལ་ས་ཁུལ་གྱི་རྫོང699(དེའི་ནང་དམག་སྒར19ཚུད)ཡི་ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་མར་འཚོ་བཅུད་ཀྱི་ཁ་གསབ་མ་དངུལ་སྤྲད་ཡོད་པ་དང་། ཚད་གཞི་ནི་སློབ་མ་རེར་ཉིན་རེར་སྒོར4དང་ལོ་རེར་སྒོར800སྤྲད་ཅིང་ཁ་གསབ་མ་དངུལ་ཚང་མ་ཀྲུང་དབྱང་ནོར་སྲིད་ནས་སྤྲད་པ་རེད། 2011ལོ་ནས་ད་ལྟའི་བར་ཀྲུང་དབྱང་ནོར་སྲིད་ནས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར1591བཀོད་སྒྲིག་བྱས་ཏེ་འཚོ་བཅུད་ལེགས་བཅོས་ཀྱི་འཆར་གཞི་ལག་ལེན་བསྟར་ཡོད། དེའི་ནང་འཚོ་བཅུད་ལེགས་བཅོས་བྱེད་པར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར862སྤྲད་ཡོད་པ་དང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་གྲྭར་རྒྱུན་སྡོད་བྱེད་མཁན་སློབ་མར་འཚོ་བའི་གྲོན་དངུལ་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར429སྤྲད་ཅིང་།ཟ་ཁང་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར300སྤྲད་ཡོད་པ་བཅས་སོ།།