རང་རྒྱལ་གྱི་ཞིང་ཆེན༢༦གིས་རྒན་འཁོགས་ལ་ཞོར་ཕོགས་སྤྲོད་པའི་སྲིད་ཇུས་དངོས་སུ་བཏོན།
ཡེ་ཤེས་ཀྱིས་བསྒྱུར། 2016-09-14
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་རྒན་འཁོགས་ཀྱི་ཕན་བདེ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་རྒན་འཁོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་ཡག་ཏུ་གཏང་ཆེད། རྒྱལ་ཡོངས་ཀྱི་ཞིང་ཆེན26གིས་རྒན་འཁོགས་ལ་ཞོར་ཕོགས་སྤྲོད་པའི་སྲིད་ཇུས་དངོས་སུ་བཏོན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། པེ་ཅིན་དང་ཐེན་ཅིན། ཧོ་པེ ཧྲན་ཞི་སོགས་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར26གིས་རྒན་འཁོགས་ཀྱི་ཞོར་ཕོགས་སྲིད་ཇུས་དངོས་སུ་བཏོན་ཡོད། ཅི་ལིན་དང་ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་སོགས་ཞིང་ཆེན་དང་གྲོང་ཁྱེར20ཡིས་རྒན་གསོའི་ཞབས་ཞུའི་ཁ་གསབ་སྐོར་གྱི་འབྲེལ་ཡོད་ཁ་གསབ་སྲིད་ཇུས་བཏོན་ཡོད། ཀོང་ཏུང་དང་ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། ལྷ་ས། ཞིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས17གྱིས་རྒན་གཡོག་གི་ཁ་གསབ་ཐད་ཀྱི་འབྲེལ་ཡོད་པའི་ཁ་གསབ་སྲིད་ཇུས་བཏོན་ཡོད།
དམངས་སྲིད་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་ས་གནས་ཁག་གིས་གོང་གསལ་ཞིང་ཆེན་དང་ས་ཁུལ་གྱི་ལས་ལུགས་བཟང་པོར་སློབ་སྦྱོང་དང་དཔེ་བལྟས་བྱས་ཏེ་ཚང་མ་ལ་ཕན་ཐོགས་པའི་རང་བཞིན་དང་། ཆ་སྙོམས་ཅན། རྒྱུན་སྲིང་ཅན་བཅས་ཀྱི་བྱེད་ཕྱོགས་ལ་བརྟེན་ནས་དམངས་ཕན་ལམ་ལུགས་འདི་དག་མགྱོགས་མྱུར་དུ་འཛུགས་དགོས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཞིང་ཆེན་ཡོངས་སུ་དོན་འཁྱོལ་བྱ་གང་ཐུབ་བྱ་དགོས་ཤིང་། འབྲེལ་ཡོད་སྲིད་ཇུས་བཏོན་པའི་ས་ཁུལ་གྱིས་རྒན་འཁོགས་ཀྱི་དཔྱད་དཔོག་ལས་ཀ་ཡག་པོ་བསྒྲུབས་ཏེ་ཁ་གསབ་ཀྱི་ཚད་གཞི་དང་ཁེབས་ཁྱོན་རིམ་བཞིན་མཐོ་སྐྱེད་བཏང་སྟེ། ཏན་ཏིག་གིས་རྒན་འཁོགས་ཀྱི་ཐོབ་ཚོར་ཇེ་ཆེར་གཏང་དགོས་པའི་ཐུགས་རེ་གནང་བ་རེད།