རང་ཁུལ་གྱི་ཐུམ་འབུའི་ནད་ཁྱབ་མཆེད་ས་ཁུལ་དུ་མི་འབོར་ཁྲི༦ལྷག་གིས་ཉེན་ཁ་མེད་པའི་ཆུ་འཐུང་རྒྱུ་ལོན།
ཡེ་མིང་གིས་བསྒྱུར། 2016-09-20
སྤྱི་ཟླ9པའི་ཚེས14ཉིན། སྨྱུག་འཛིན་པས་ཞིང་ཆེན་རྒྱལ་ས་ཐོན་ཁུངས་དོ་དམ་ཐིང་ནས་ཤེས་རྟོགས་བྱུང་དོན། 2016ལོར་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཁྱབ་མཆེད་ས་ཁུལ་དུ་ཁྲོན་པ150བརྐོ་པའི་ལས་འགན་ཡོངས་སུ་གྲུབ་ནས་སེར་ཤུལ་དང་འཇུ་སྒར། ཁྲོ་ཤུལ་གོང་མ་བཅས་ཤང(གྲོང་རྡལ།)19ཡི་མི་འབོར9720ཡི་ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་ཐུབ་པ་རེད། མིག་སྔའི་བར།ཞིང་ཆེན་སྲིད་གཞུང་གིས་དམངས་འཚོ་ལས་གྲྭར་གཏན་འཁེལ་བྱས་པའི་རང་ཁུལ་གྱི་ཐུམ་འབུའི་ནད་ཁྱབ་མཆེད་ས་ཁུལ་དུ་ཉེན་མེད་འཐུང་ཆུ་ལེན་སའི་ཁྲོན་པ་བརྐོ་རྒྱུའི་ལས་འགན་འདི་ལོ་བཞིའི་རིང་ལ་འབད་བརྩོན་བྱས་ནས་བདེ་བླག་ངང་གྲུབ་པ་རེད།
ཕྱུགས་ཟོག་དང་ཁྱི་ཡིས་སྦགས་བཙོག་བཟོས་པའི་ས་ངོས་ཀྱི་ཆུ་ནི་ཐུམ་འབུའི་ནད་འབྱུང་རྐྱེན་གཙོ་བོ་ཡིན་པ་རེད། 2012ལོའི་སྤྱི་ཟླ7པའི་ནང་ཞིང་ཆེན་རྒྱལ་ས་ཐོན་ཁུངས་དོ་དམ་ཐིང་གིས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཁྱབ་མཆེད་ས་ཁུལ་དུ་ས་འོག་གི་སྦགས་བཙོག་ཐེབས་མེད་པའི་འཐུང་ཆུ་ལེན་སའི་ཁྲོན་པ་བརྐོ་རྒྱུའི་ལས་གཞི་ལག་ལེན་བྱས་ནས་ལོ་དེར་སེར་ཤུལ་རྫོང་གི་ཤང(གྲོང་རྡལ།)11ནང་ཁྲོན་པ50བརྐོས་ནས་མི་འབོར8000ལྷག་གིས་ཆུ་གཙང་མ་འཐུང་རྒྱུ་ལོན་པ་རེད།
ཁྲོན་པ50འདིའི་ཆ་སྙོམས་ཟབ་ཚད་སྨི35ནས55བར་ཡིན་ཞིང་། ཟབ་ཚད་སྨི30ཡན་ཆད་ཀྱི་ས་འོག་ནས་ལེན་པའི་ཆུ་དེ་ཉེན་ཁ་མེད་པས་མ་ཚད། དགུན་དུས་སུ་ཁེངས་མི་ཐུབ་པའི་དགེ་མཚན་ཡོད་པ་རེད། ཞིང་ཆེན་རྒྱལ་ས་ཐོན་ཁུངས་དོ་དམ་ཐིང་གི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་དོན། ཉེན་ཁ་ལས་གཡོལ་ཐབས་བྱ་ཆེད།ཁྲོན་པའི་ཟབ་ཚད་སྨི10ཡན་ཆད་ལ་ཨར་འདམ་བྱུགས་ནས་ཐུམ་འབུའི་འབུ་སྒོང་སིམ་འཛུལ་བྱེད་པར་སྔོན་འགོག་བྱེད་ཡས་བྱས་ཡོད་པ་རེད།
《དཀར་མཛེས་ཁུལ་གྱི་ཐུམ་འབུའི་ནད་ཁྱབ་མཆེད་ས་ཁུལ་དུ་ས་འོག་གི་ཆུ་ལ་བརྟག་དཔྱད་དང་ཁྲོན་པ་བརྐོ་རྒྱུའི་ལས་གྲྭའི་སྤྱི་ཡོངས་ཀྱི་འཆར་འགོད》ལྟར། 2014ནས་ད་བར་ཁག་བགོས་ནས་སེར་ཤུལ་དང་དཔལ་ཡུལ། ལི་ཐང་། གསེར་ཐར། སྡེ་དགེ་བཅས་ཐུམ་འབུའི་ནད་ཀྱི་གནོད་འཚེ་ཆེ་བའི་གཙོ་གནད་རྫོང་དུ་ས་འོག་གི་ཆུ་ལ་བརྟག་དཔྱད་དང་ཁྲོན་པ་བརྐོ་རྒྱུའི་ལས་གྲྭ་ལག་ལེན་བྱས་ནས་སྔོན་རྗེས་སུ་ཁྲོན་པ504བརྐོ་ནས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པ་རེད། ལས་གཞི་འདི་བདེ་བླག་ངང་སྐུལ་འདེད་གཏོང་བར་འགན་སྲུང་བྱ་ཆེད། ཞིང་ཆེན་སྲིད་གཞུང་གིས་ད་དུང་ཆེད་དུ་མ་དངུལ་སྒོར་དུང་ཕྱུར1.7བཀོད་སྒྲིག་བྱས་ཡོད་པ་རེད།
ལོ4ཡི་རིང་ལ་རང་ཁུལ་གྱིས་ཐུམ་འབུའི་ནད་ཁྱབ་མཆེད་ས་ཁུལ་དུ་ཁྲོན་པ་ཁྱོན་བསྡོམས554བརྐོས་ནས་འབྲོག་པ་དང་གྲྭ་བཙུན། དགེ་སློབ་བཅས་འདུས་པའི་མི་ཁྲི6ལྷག་ཙམ་ལ་གཙང་ཞིང་འཕྲོད་བསྟེན་གྱི་འཐུང་ཆུ་འདོན་སྤྲོད་བྱས་དང་བྱེད་བཞིན་ཡོད་པ་རེད། མིག་སྔར་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་གིས་ཡུལ་དངོས་སུ་བརྟག་དཔྱད་བྱས་པར་བརྒྱུད། ཁྲོན་པ་འདི་དག་སྤུས་ཀ་ཚད་ཐོག་སླེབས་པ་དང་དགུན་དུས་སུའང་ཆུ་ལེན་རྒྱུ་ཡོད་པའི་ར་སྤྲོད་བྱུང་བ་རེད།།