རྒྱལ་སྲིད་སྤྱི་ཁྱབ་ཁང་གིས༼ ཞིང་ལས་གཞན་སྒྱུར་མི་འབོར་གྲོང་མིར་འགྱུར་རྒྱུར་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་སྲིད་ཇུས་འགའ་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ ༽པར་འགྲེམས་བྱས།
མི་དམངས་ཉིན་རེའི་ཚགས་པར་ནས་དྲངས། 2016-08-30
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་དུ《ཞིང་ལས་གཞན་སྒྱུར་མི་འབོར་གྲོང་མིར་འགྱུར་རྒྱུར་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་སྲིད་ཇུས་འགའ་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་ནས《བརྡ་ཐོ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས། ཞིང་ལས་གཞན་སྒྱུར་མི་འབོར་གྲོང་མིར་འགྱུར་རྒྱུར་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་སྲིད་ཇུས་མ་ལག་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་བའི་ཐད་བཀོད་སྒྲིག་བྱས་པ་རེད།
《བརྡ་ཐོའི》ནང་དུ་ཞིབ་ཕྲའི་སྲིད་ཇུས་བྱེད་ཐབས་བཅུ་བཏོན་ཡོད་པ་སྟེ།
ཞིང་ལས་གཞན་སྒྱུར་མི་འབོར་དང་དེ་བཞིན་རྒྱུན་སྡོད་མི་འབོར་གཞན་དག་དང་མཉམ་དུ་གནས་སྤོས་པའི་བུ་ཕྲུག་ཚོའི་འོས་འགན་སློབ་གསོ་སྤྱི་པའི་ནོར་སྲིད་འགན་བཅོལ་ཁྱབ་ཁོངས་སུ་བཅུག་སྟེ། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་ཙག་ཙིག་རྩ་ཆག་གཏོང་རྒྱུ་དང་ཡོངས་སྐྱོང་རྣམ་པའི་སློབ་ཞུགས་གོང་གི་སློབ་གསོའི་སྲིད་ཇུས་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་དོན་འཁྱོལ་བྱ་རྒྱུ།
སྨན་བཅོས་འགན་བཅོལ་འབྲེལ་བ་གཞན་སྒྱུར་སྦྲེལ་མཐུད་བྱེད་ཐབས་དང་ཡུལ་གཞན་དུ་སྨན་བཅོས་བྱས་ནས་སྨན་ཡོན་རྩིས་ཞུ་བྱེད་ཐབས་དོན་འཁྱོལ་བྱེད་མགྱོགས་སུ་གཏང་རྒྱུ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་གྱུར་ཚད་ལྡན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ལག་བསྟར་བྱེད་མགྱོགས་སུ་གཏང་རྒྱུ།
གྲོང་ཁྱེར་དུ་བསྐྱོད་ནས་དེ་གར་གཞིས་ཆགས་མཁན་ཞིང་ལས་གཞན་སྒྱུར་མི་འབོར་ཁྲོད་ཀྱི་ལས་ཤོར་མི་སྣར་ལས་ཤོར་ཐོ་འགོད་བྱས་ནས་ལས་རིགས་མཛུབ་ཁྲིད་དང་། ངོ་སྤྲོད། གསོ་སྦྱོང་བཅས་དང་དེ་བཞིན་རྩལ་ནུས་དཔྱད་འདོམས་སོགས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུ་དང་རོགས་སྐྱོར་སྲིད་ཇུས་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ།
ཞིང་ལས་གཞན་སྒྱུར་མི་འབོར་གྲོང་མིར་འགྱུར་བའི་བྱ་དགའི་ལམ་སྲོལ་བཙུགས་ནས་ཐེམ་ཐོའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་སྒྱུར་ཚད་མཐོ་རུ་གཏང་རྒྱུ།
ཐེམ་ཐོའི་མི་འབོར་ལྟར་བགོ་འགྲེམས་དོ་སྙོམས་ཅན་གྱི་གཞན་སྒྱུར་གཏོང་སྤྲོད་བྱེད་ཚད་ཚོད་རྩིས་བྱས་པའི་རྨང་གཞིའི་ཐོག་གནས་སྡོད་ལག་ཁྱེར་ཡོད་པའི་མི་འབོར་ལ་གཞི་རྩའི་སྤྱི་པའི་ཞབས་ཞུའི་འགྲོ་སོང་མཁོ་འདོན་བྱ་རྒྱུར་བསམ་བློ་གང་འཚམ་གཏང་རྒྱུ།
རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་སྲུང་ལམ་སྲོལ་ཐད་གནས་སྡོད་ལག་ཁྱེར་ཡོད་པའི་མི་འབོར་ལ་བསམ་བློ་གཏང་རྒྱུ།
གྲོང་ཁྱེར་གྱི་ནུས་པ་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་ཐེག་ནུས་ཆེ་རུ་གཏང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།
གྲོང་ཁྱེར་དུ་བསྐྱོད་ནས་དེ་གར་གཞིས་ཆགས་མཁན་ཞིང་པའི་ས་ཞིང་འགན་གཙང་སྤྲོད་དབང་དང་། ཁང་གཞི་སྤྱོད་དབང་། ཐུན་མོང་ཡོང་འབབ་ཐོབ་དབང་བཅས་ལ་སྲུང་སྐྱོང་བྱ་རྒྱུ།
ཞིང་ལས་གཞན་སྒྱུར་མི་འབོར་གྲོང་མིར་འགྱུར་རྒྱུར་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྟབས་བསྟུན་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཛུགས་རྒྱུ།