མཚོ་སྔོན་བོད་སྐད་རླུང་འཕྲིན། 2016-08-01
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་དུས་ཀྱི་གཡུ་གཞོངས་རྐང་ཚ་ནི་གོས་ལྗང་ཐང་ལ་བཏིངས་པ་བཞིན་རྩྭ་ལོས་ཡོངས་སུ་བརྒྱན་ལ། མེ་ཏོག་སྣ་བརྒྱ་ནི་ཕྱོགས་ཡོང་གི་མགྲོན་པོ་བསུ་བ་བཞིན་བསིལ་རླུང་ཕྲ་མོའི་ཁྲོད་ན་གཡབ་མོ་དང་མགོ་ལྕོག་ལྡེམ་བཞིན་ག་ས་གར་མཛེས་སྡུག་གིས་བཞད་ཅིང་། དྲི་བསུང་ཀུན་ལ་འཐུལ་བས་སྤྱན་གྱི་རྒྱལ་མོ་སིམ་ལ། ཤངས་ཀྱི་སྲེད་པ་སེལ་བཞིན་འདུག ལྷུང་ལྷུང་དུ་བཞུར་བའི་འོམ་ཆུ་ནི་གསེར་ཉ་དང་འགྲོགས་ནས་མཚོ་ཆེན་ཁྲི་ཤོར་རྒྱལ་མོར་སྙེག་གིན་འདུག་མོད། གསེར་ཉ་དག་ནི་འོམ་ཆུའི་འགྲམ་གྱི་གསེར་ཉ་གཞིས་ཁུལ་གྱི་སྤང་ཐང་དུ་སླེབས་ཚེ་མི་ཚོགས་ཀྱི་ལྟད་མོ་དང་སྙན་འཇེབས་ཀྱི་དབྱངས་རྟ་ཞིག་གིས་བསླུས་པས། མགོ་བོ་ཆུ་མོ་ལས་ཡར་ལ་ཐོན་ནས་ལྟད་མོ་ཞིག་ལ་བལྟ་བཞིན་འདུག མ་གཞི་དེ་ནི་སྐབས་ལྔ་བའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་གྱི་ལྟད་མོ་ཡིན་འདུག
སྐབས་ལྔ་བའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གསུམ་གྱི་གཙོ་སྒྲུབ་བྱས་ཤིང་། རྐང་ཚ་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་གནང་སྟེ་ད་ལོའི་ཟླ་བཞི་བར་རྐང་ཚ་རྫོང་ནས་མགོ་བརྩམས་ཤིང་། མཚོ་ལྷོ་དང་མཚོ་ནུབ། མཚོ་བྱང་། རྨ་ལྷོ། མགོ་ལོག་བཅས་འགྲན་ཁུལ་ལྔ་ནས་ཐོག་མའི་འགྲན་སྡུར་བྱས་ལ་འགྲན་ཁུལ་སོ་སོ་ནས་མི་བཅུ་རེ་བདམས་ཏེ་ཆེས་མཐའ་མའི་རྟིང་རྩོད་འགྲན་སྡུར་དུ་ཚུད། ཆེས་མཐའ་མའི་རྟིང་རྩོད་འགྲན་སྡུར་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འོམ་ཆུའི་འགྲམ་གྱི་གསེར་ཉ་གཞིས་ཁུལ་དུ་དངོས་སུ་འཚོགས་ནས་མགོ་བརྩམས་ལ། རྐང་ཚ་རྫོང་གི་རྫོང་དཔོན་གཞོན་པ་སྐར་མ་ཚེ་བརྟན་གྱིས་ལ་གཞས་འགྲན་སྡུར་ལ་ཤིས་ཚིག་ཕུལ་བ་དང་ལྷན། དམངས་སྲོལ་རིག་གནས་འཛིན་སྐྱོང་སྤེལ་བྱེད་དགོས་པའི་གལ་ཆེའི་རང་བཞིན་གྱི་དགེ་མཚན་གླེང་།
སྟོད་ཀྱི་གངས་རིའི་རྩེ་མོ་ནས་སྨད་ཀྱི་གོས་ལྗང་རྩྭ་ཐང་དུ་ལ་གཞས་ནི་ལྷུང་ལྷུང་འབབ་པའི་དྭངས་གསལ་གྱི་ཆུ་མོ་བཞིན། སྟོད་ནས་མ་འགག་ཅིང་སྨད་ནས་མ་ཆད་ལ་སྟོད་རི་བོ་སྲ་འཐས་ལྕགས་སུ་བཏང་ཞིང་། སྨད་སྤང་ཐང་རྩྭ་རྩིར་ནེམ་ཤ་དོད་པས་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་ཀྱི་ལེགས་ཚོགས་ལྷུག་པོར་བསྩལ། སྐྱིད་སྡུག་ནི་གནམ་གྱི་ལག་དང་ལས་དབང་སོགས་སུ་སྒོམ་མཁན་གྱི་མགོ་ནག་བོད་པ་ནི་གངས་རིའི་འདབས་དང་ཡངས་པའི་སྤང་། གྲུ་བཞིའི་རྣང་ཞིང་སོགས་སུ་གནས་ཤིང་འཚོ་ལ། སྐྱེ་ཕོ་མོའི་སེམས་ཁོང་གི་བརྩེ་དུང་དེ་བདག་གིར་མ་དབང་བའི་རྐྱེན་དུ་མས་མིག་ཆུ་རུ་གྱུར་ལ། མིག་ཆུ་དེ་ཉིད་རོགས་དྲན་པའི་སྨྲེང་བ་དང་འགྲོགས་ནས་དབྱངས་སུ་གྱུར་བས། ངག་སྒོ་ཕྲ་མོ་ནས་ཕྱིར་ལ་ཤོར་བའང་ཞེ་མཐུན་གྱི་རོགས་དྲན་པའི་སྨྲ་བ་ཡིན་ལ། རོགས་ཀྱི་ཕྱོགས་སུ་བསྐུར་བའི་འཕྲིན་པའང་ཡིན་ངེས། དེ་བས་ཉེ་འཁོར་གྱི་སྟོད་རྫ་ལུང་རི་ལུང་དང་། ཡངས་པའི་སྤང་ཐང་། ཞིང་ཆུང་གྲུ་བཞི། རྟ་ནོར་ལུག་གསུམ་སོགས་ནི་རོགས་ཀྱི་དཔེ་དང་རོགས་དྲན་སའི་ཡུལ། སྡུག་གི་མཆི་མ་འཕོ་ས་ཡིན་སྟབས་ལ་གཞས་སྒྱུ་རྩལ་དུ་ཚིག་མགོ་མ་དཔེ་དང་། ཚིག་ཕྱི་མ་དོན་དུ་བྱས་ནས་གྲུབ་པས། ཉན་ན་ཉན་མཁན་གྱིས་དོན་གོ་ཐུབ་ལ་སྙན་པའི་སྒྱུ་རྩལ་གྱི་ཆའང་ཤིན་ཏུ་ལྡན། དེ་བཞིན་ཚིག་མགོ་མ་དཔེ་ལ་ཉན་དུས་ཁོང་ཉིད་སྐྱོ་བ་དང་དྲན་པའི་སྣང་ཚུལ་རྟོགས་ཐུབ་ལ། ཚིག་ཕྱི་མ་དོན་ལ་ཉན་རྗེས་ཞེ་སྨྲེང་བས་མ་ཟད་མིག་ཆུའང་ཤོར་འགྲོ་བས་སེམས་ཀྱི་སྨྲེང་བ་རིམ་པ་བཞིན་དུ་ཇེ་ཟབ་དང་ཇེ་མཐོར་འགྲོ་བའི་སེམས་ཚོར་སྟེར།
ལ་གཞས་ནི་ཕོ་མོའི་བརྩེ་དུང་གི་དྭངས་མ་ཡིན་པས་འདི་ལ་ནང་གསེས་ཀྱི་དབྱེ་བའང་འགའ་ཡོད་དེ། ནང་དོན་དུ་རོགས་དྲན་པའི་སྐོར་དང་། མཐུན་པའི་སྐོར། འགྲོགས་པའི་སྐོར། རྩོད་པའི་སྐོར། འཚོལ་བའི་སྐོར། འགལ་བའི་སྐོར། བྲལ་བའི་སྐོར། ཞེ་སྨྲེང་བའི་སྐོར། ལབ་ཀྱི་སྐོར། སྐྱོན་བརྗོད་ཀྱི་སྐོར་སོགས་ཡོད་ལ། དབྱངས་རྟའི་རིང་ཐུང་ལས་རིང་འཐེན་དང་ཐུང་ལེན་དང་། རྣམ་པའི་ཆ་ནས་ཚིག་ཕྲེང་གཉིས་ཅན། གསུམ་ཅན། བཞི་ཅན། ལྔ་ཅན། དྲུག་ཅན། བདུན་ཅན། བརྒྱད་ཅན་སོགས་ཅི་རིགས་སུ་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10