མཚོ་སྔོན་གྱིས་ལོ་གཉིས་ཀྱི་ནང་གྲོང་སྡེ་ཚང་མར་གློག་འཁྲིད་རྒྱུ།
གངས་སྐྱིད་ཀྱིས་བསྒྱུར། 2016-06-22
ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་བ6པའི་ཚེས12ཉིན་འབྱོར་བའི་གཏམ་གསར། རྒྱལ་ཁབ་གློག་དྲྭ་མཚོ་སྔོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གི་འཕེལ་རྒྱས་པུའུ་ཡི་ཀྲུའུ་རེན་ལི་ཧའེ་ཧྥེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྔར་ལས་ལྷག་པར་བདག་གཉེར་ས་ཁུལ་གྱི་རང་བྱུང་གྲོང་སྡེ་ཆ་ཤས་སུ་གློག་འཁྲིད་མེད་པ་དང་གློག་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད། མཚོ་སྔོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གིས2016ལོ་ནས2017ལོའི་བར་གྱི་ལོ་གཉིས་ཀྱི་དུས་ཚོད་སྤྱད་དེ་མཚོ་སྔོན་ས་ཁུལ་གྱི་རང་བྱུང་གྲོང་སྡེ413ལ་ད་རུང་གློག་འཁྲིད་མེད་པས་གློག་འཁྲིད་རྒྱུ་དང་། རང་བྱུང་གྲོང་སྡེ136གི་གློག་བསྐྱར་བཟོ་བྱ་རྒྱུའི་ལས་གྲྭ་ལེགས་འགྲུབ་བྱ་རྒྱུ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་སྔོན་རྩིས་བྱས་ན་མཚོ་སྔོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ས་ཁུལ་ནང་གི་ཞིང་སྡེར་གློག་གི་ཐེག་ཚད་སྟོང་ཝ་ཁྲི20གསར་དུ་སྣོན་ཐུབ་པ་བྱ་རྒྱུ། ལི་ཧའེ་ཧྥེང་གིས་ཞིང་སྡེའི་གློག་དྲྭའི་རིམ་པ་སྤར་བ་དང་བསྐྱར་བཟོ་བྱས་པར་བརྒྱུད་གྲོང་སྡེ་ཚང་མར་གློག་འཁྲིད་ཐུབ་ན། མཚོ་སྔོན་ཞིང་འབྲོག་ས་ཁུལ་དབུལ་སྐྱོར་བྱེད་པར་གློག་ཤུགས་ཀྱི་རྒྱབ་རྟེན་བརྟན་པོ་འདོན་སྤྲོད་བྱེད་ཐུབ་ལ། གློག་མི་འདང་བའི་དཀའ་གནད་ཀྱང་སེལ་ཐུབ་རྒྱུ་རེད། གྲོང་སྡེ་ཚང་མར་གློག་འཁྲིད་པའི་ལས་གྲྭ་ནི་རྒྱལ་ཁབ་གློག་དྲྭ་སྤྱི་གཉེར་ཁང་གིས་རྒྱལ་ཁབ་གློག་དྲྭའི་འོད་གསལ་གྱི་དབུལ་སྐྱོར་བྱ་སྤྱོད་ཅེས་པའི་ལས་གྲྭ་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན། ཁྱོན་ཡོངས་ནས་དབུལ་ཕོངས་ས་ཁུལ་གྱི་གློག་འཁྲིད་པའི་ནུས་པ་དང་སྤུས་ཚད་མཐོ་རུ་བཏང་སྟེ་མི་སེར་གྱི་ཕྱུག་འགྱུར་བྱ་རྒྱུའི་སྨོན་འདུན་མངོན་འགྱུར་བྱེད་པར་གློག་ཤུགས་འབེལ་པོ་འདོན་སྤྲོད་བྱེད་གང་ཐུབ་བྱ་རྒྱུ་དེ་རེད་ཅེས་བཤད་དོ།།