ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལོ་ལྔའི་འཆར་འགོད་ཨང་བདུན་པ་བརྒྱུད་སྤེལ་བྱས།

གངས་སྐྱིད་ཀྱིས་བསྒྱུར།        2016-04-27

  ཞིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གཏམ་གསར།  ཉེ་དུས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཁྲིམས་འཛིན་པུའུ་ཡི་སྤྱི་དམངས་ཁྲོད་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོ་བྱ་རྒྱུའི་ལོ་ལྔའི་འཆར་འགོད་ཨང་བདུན་པ(2016ལོ་ནས2020ལོ་བར)》བརྒྱུད་སྤེལ་བྱས་པས་མ་ཚད། བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱ་དགོས་པའི་བླང་བྱ་བཏོན།
  བརྡ་ཐོའི་ནང་བསྟན་དོན།  དམངས་ཡོངས་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དང་དམངས་ཡོངས་ཀྱིས་བཅའ་ཁྲིམས་སྲུང་བ་ནི་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པའི་དུས་ཡུན་རིང་པོའི་རྨང་གཞི་རང་བཞིན་གྱི་ལས་ཀ་ཡིན་པས།  ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོ་གཏིང་ཟབ་མོར་བྱེད་པ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་།  སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པའི་སྙིང་དོན་ལག་ལེན་དོན་འཁྱོལ་བྱ་དགོས་པའི་གལ་ཆེ་བའི་ལས་འགན་ཡིན་ལ།  ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་ལེན་བསྟར་བ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་གལ་ཆེན་གྱི་འགན་སྲུང་ཡང་ཡིན།།
  བརྡ་ཐོའི་ནང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོ་བྱེད་པ་དང་ས་གནས་དེ་གའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་ནང་འཇུག་དགོས་ཤིང་། སྔར་ལས་ལྷག་པར་ཏང་ཨུས་འགོ་ཁྲིད་བྱེད་པ་དང་།  དམངས་ཆེན་གྱིས་ལྟ་སྐུལ་བྱེད་པ།  སྲིད་གཞུང་གིས་ལག་ལེན་བསྟར་བའི་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོ་ལས་ཀའི་འགོ་ཁྲིད་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་ལེགས་བཅོས་བྱས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོ་བྱ་རྒྱུའི་ལོ་ལྔའི་འཆར་འགོད་ཨང་བདུན་པའི་དམིགས་ཡུལ་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པར་ཁག་ཐེག་ནན་པོ་བྱ་དགོས་ཞེས་བླངས་བྱ་བཏོན།
  གོང་སྨོས་ཀྱི་དམིགས་ཡུལ་ལས་འགན་དངོས་གཤམ་གསལ་ལྟར།  གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུའི་སྐོར་གྱི་གལ་ཆེན་གྱི་རྣམ་བཤད་ལ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་མོར་བྱ་དགོས་ཤིང་།  ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུའི་སྐོར་གྱི་གལ་ཆེན་གྱི་འཆར་འགོད་དྲིལ་བསྒྲགས་བྱས་ཏེ།  སྤྱི་ཚོགས་ཡོངས་ལ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུའི་དམིགས་ཡུལ་ལས་འགན་དང་སྤྱིའི་བླང་བྱ་ཤེས་རྟོགས་དང་ཁོང་དུ་ཆུད་ཐུབ་པར་བྱ་དགོས།
  གཉིས་ནི་དམིགས་སུ་བཀར་ནས་རྩ་ཁྲིམས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་དགོས་ཤིང་།  རྩ་ཁྲིམས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་གལ་ཆེན་གྱི་གནས་སུ་འཇོག་དགོས། སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ལ་སློབ་སྦྱོང་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་རྩ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས།
  གསུམ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་དྲིལ་བསྒྲགས་གཏིང་ཟབ་མོར་བྱ་དགོས་ཤིང་། རྩ་ཁྲིམས་ཀྱིས་སྲོག་ཤིང་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་དྲིལ་བསྒྲགས་བྱེད་པ་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱ་རྒྱུའི་གཞི་རྩའི་ལས་འགན་བྱ་དགོས།  བཅའ་ཁྲིམས་ཀྱི་ཤེས་བྱ་བརྒྱུད་བསྒྲགས་བྱེད་པའི་དུས་མཉམ་དུ་ཁྲིམས་སྐྱོང་གི་སྙིང་དོན་དར་སྤེལ་གཏོང་བ་དང། ཁྲིམས་སྐྱོང་གི་འདུ་ཤེས་སྲུང་སྐྱོང་།  ཁྲིམས་སྐྱོང་གི་འདུ་ཤེས་འཛིན་པ་བཅས་ལ་དེ་བས་དོ་སྣང་བྱ་དགོས།
  བཞི་ནི་ཏང་ནང་གི་ཁྲིམས་སྲོལ་དྲིལ་བསྒྲགས་གཏིང་ཟབ་མོར་བྱ་དགོས་ཤིང་། ཏང་གི་སྒྲིག་ཡིག་དྲིལ་བསྒྲགས་ཆེན་མོ་བྱེད་པ། ཤུགས་ཆེན་པོས་ཏང་ནང་གི་ཁྲིམས་སྲོལ་ཁག་དྲིལ་བསྒྲགས་བྱ་དགོས།
  ལྔ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས་ཤིང་། ཁྲིམས་སྐྱོང་རིག་གནས་ཀྱི་འཛུགས་སྐྱོང་བྱ་རྒྱུ་དེ་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་འདེགས་ཀྱི་མ་ལག་ནང་བཞག་སྟེ།  ཁྲིམས་སྐྱོང་གི་རིག་གནས་དང་ས་གནས་ཀྱི་རིག་གནས། ལས་རིགས་རིག་གནས།  ཁེ་ལས་རིག་གནས་བཅས་བར་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས།
  དྲུག་ནི་རིམ་པ་མང་པོ་དང་ཁྱབ་ཁོངས་མང་པོར་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས་ཤིང་། གཞི་རིམ་གྱི་རྩ་འཛུགས་དང་སྡེ་ཚན།  ལས་རིགས་ཁྲིམས་ལྟར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས།  ཁྲིམས་སྐྱོང་གི་གྲོང་ཁྱེར་དང་ཁྲིམས་སྐྱོང་གི་རྫོང(གྲོང་ཁྱེར་དང་ས་གནས)སོགས་ཁྲིམས་སྐྱོང་གསར་སྐྲུན་གྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་དགོས།
  བདུན་ནི་ཁྲིམས་སྐྱོང་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་བྱ་རྒྱུའི་བར་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏང་དགོས་ཤིང་། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་དར་སྤེལ་གཏང་དགོས་པ་བཅས་སོ།།  
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་རིག་གནས་ལ་ཉམས་སུ་མྱོང་།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཡུལ་ཤུལ་གྱིས་སྤྱི་པའི་རྐང་འཁོར་གྲོང་མིར་གཡར་བའི་ཞབས་འདེགས་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།