སི་ཁྲོན་གྱིས་ཞིང་ཆེན་ཡོངས་ལ་གཞི་ཁྱོན་ཆེ་བའི་ལྗང་འགྱུར་བྱ་སྤྱོད་སྤེལ་རྒྱུ།
དངོས་སྦྱོང་སློབ་མ་བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། 2016-04-20
ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ4པའི་ཚེས5ཉིན་འབྱོར་བའི་གཏམ་གསར། སི་ཁྲོན་ཞིང་ཆེན་ལྗང་འགྱུར་ཨུ་ཡོན་ལྷན་ཁང་གི་ལྷན་རྒྱས་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་ནས་ཤེས་རྟོགས་བྱུང་དོན། སི་ཁྲོན་གྱིས་ད་ལོ་ནས་བཟུང་སྟེ་ཞིང་ཆེན་ཡོངས་ལ་གཞི་ཁྱོན་ཆེ་བའི་ལྗང་འགྱུར་བྱེད་པའི་བྱ་སྤྱོད་སྤེལ་ནས་ལོ་ལྔའི་ནང་ལ་ཞིང་ཆེན་ཡོངས་སུ་ས་ལྗང་རི་སྔོ་དང་ལྗང་འགྱུར་བྱ་དགོས་ཚད་ལྗང་འགྱུར་བྱེད་ཐུབ་པ་བྱ་རྒྱུ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིང་ལ་སི་ཁྲོན་གྱིས་རིམ་རྩིས་བྱས་ན་ནགས་བཟོའི་རྒྱ་ཁྱོན་ཁྱོན་བསྡོམས་མུའུ་ཁྲི5000ལྷག་བསྐྲུན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི920ལྷག་འཕར་སྣོན་བྱུང་ཡོད། 2015ལོའི་ལོ་མཇུག་བར། སི་ཁྲོན་གྱི་ནགས་ཚལ་ཁེབས་ཚད་བརྒྱ་ཆ36.0ལ་ཟིན་ཡོད་པ་དང་ལྗང་འགྱུར་ཁེབས་ཚད་བརྒྱ་ཆ65ལ་ཟིན་ཡོད། བསྐྲུན་ཚར་བའི་ནགས་ཚལ་གྲོང་ཁྱེར་ནི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྲངས་ཚད་ཀྱི་བརྒྱ་ཆ50ཡན་ཆད་བཟུང་ཡོད།
འོན་ཀྱང་།སི་ཁྲོན་གྱི་རྒྱལ་སའི་ལྗང་འགྱུར་ས་ཁུལ་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་གྲོང་ཡུལ་གྱི་ལྗང་འགྱུར་བྱེད་ཚུལ་དོ་མི་མཉམ་ཞིང་། བྱེར་འགྱུར་དང་རྡོ་བྱེར་འགྱུར་བ། ཐན་སྐྱོན་བྱུང་བའི་སྐྱེ་ཁམས་ཉམས་འགྱུར་ས་ཁུལ་གྱི་སྔོ་ཁེབས་ཉམས་གསོ་དང་སྐྱེ་ཁམས་བསྐྱར་གསོ་བྱ་རྒྱུའི་དཀའ་ཚད་ཆེ་བ་སོགས་ཀྱི་དཀའ་གནད་ད་དུང་ཡོད་པ་དང་། ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་རེད། དེར་བརྟེན། སི་ཁྲོན་གྱིས་ད་ལོ་ནས་བཟུང་སྟེ་ཞིང་ཆེན་ཡོངས་ལ་གཞི་ཁྱོན་ཆེ་བའི་ལྗང་འགྱུར་བྱེད་པའི་བྱ་སྤྱོད་སྤེལ་བར་སྒྲིག་འཛུགས་བྱས་པ་སྟེ་བྱེད་སྟངས་ཞིབ་ཕྲ་ནི་རི་ཡོད་ས་ཚང་མ་ལྗང་འགྱུར་བྱ་རྒྱུ་དང་ཤིང་འཛུགས་ནགས་བཟོ་བྱེད་ཤུགས་ཆེ་རུ་གཏོང་བ། ཤིང་འཛུགས་ཆོག་པའི་རི་རྒོད་དང་ལ་རྒོད། གྲམ་ཐང་བཅས་ཀྱི་ནགས་བཟོ་ཇེ་མགྱོགས་སུ་བཏང་ཞིང་རྨོ་ལས་མི་འོས་པའི་ས་གཞི་བེད་སྤྱོད་གང་ལེགས་བྱེད་པ། འབྲི་ཆུའི་དཔལ་འབྱོར་དར་ཁུལ་གྱི་སྐྱེ་ཁམས་སྔོ་ལྗང་གི་རྒྱུད་ལམ་འཛུགས་སྐྲུན་བྱས་པར་སྐུལ་འདེད་བྱེད་པ་དང་། བྱེར་འགྱུར་དང་རྡོ་བྱེར་འགྱུར་བར་བཅོས་སྐྱོང་དམ་པོ་བྱས་ཏེ། རློན་ས་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་ཚལ་གྲོང་ཁྱེར་དང་གྲོང་རྡལ་འཛུགས་པར་སྐུལ་འདེད་བྱས་ནས་གྲོང་ཡུལ་སྡོད་དམངས་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་ཏན་ཏིག་བྱ་དགོས་པ་བཅས་རེད།།