ཞིན་ཧྭ་གསར་འགྱུར་དྲ་བ། 2016-04-01
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། རྒྱལ་ཁབ་ཀྱི་རང་བདག་གསར་སྐྲུན་དཔེ་སྟོན་ཁུལ་སྐོར་ཞིག་འཛུགས་རྒྱུ་ཐག་གིས་བཅད་པ་དང་། ཧྲང་ཧེ་ཡིས་མྱུར་དུ་ཚན་རྩལ་གསར་སྐྲུན་ལྟེ་གནས་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས་ལ། «ཁྲིན་ཏུའུ་དང་ཁྲུང་ཆིན་གྲོང་ཁྱེར་ཚོགས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད»ལ་གྲོས་འཆམ་བྱུང་དང་། རྣམ་པ་གསར་བའི་ནུབ་རྒྱུད་གྲོང་གསེབ་ཅན་དང་ཞིང་ལས་དེང་རབས་ཅན་དུ་བསྒྱུར་བར་སྣེ་ཁྲིད་བྱས་པ་དང་། རྩ་དོན་སྟེང་ནས«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་འགྲིམ་འགྲུལ་བཅའ་ཁྲིམས་ཀྱི་འཆར་ཟིན»ལ་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་བསྟན་དོན། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་རྒྱུ་ནི། གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་དང་ལྷག་པར་དུ་མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྤེལ་ནས། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དམངས་ཀྱི་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་བྱེད་པ། དཔལ་འབྱོར་གསར་བ་འཕེལ་རྒྱས་སུ་གཏོང་བ་དང་། སྒུལ་ནུས་གསར་བ་སྐྱེད་སྲིང་བྱེད་པ། སྲོལ་རྒྱུན་སྒུལ་ནུས་བསྒྱུར་བཀོད་དང་རིམ་སྤོར་བྱེད་པའི་བྱེད་ཐབས་གཙོ་བོ་ཡིན་པས། སྔོན་དུ་ལག་བསྟར་དང་སྔོན་དུ་ཚོད་ལྟ་བྱས་ནས་གཙོ་གནད་འབུར་ཐོན་བྱེད་པ་དང་། འཕར་སྣོན་བྱེད་པ་དང་ཁྱད་སྟོབས་གསར་བ་འཕེལ་རྒྱས་སུ་གཏོང་དགོས་ཟེར། ཚོགས་ཐོག་ནས་ད་ཡོད་ཀྱི་རྒྱལ་ཁབ་རང་བདག་གསར་སྐྲུན་དཔེ་སྟོན་ཁུལ་བཅུ་གཅིག་གི་རྨང་གཞིའི་སྟེང་། ཧི་ནན་གྱི་ཀྲིན་ལའོ་ཞིན་དང་ཧྲན་ཏུང་གླིང་ཕྲན་ཕྱེད་མ། ལེའོ་ཉིན་ཧྲིན་ཏཱ་བཅས་རྒྱལ་ཁབ་ཀྱི་རང་བདག་གསར་སྐྲུན་དཔེ་སྟོན་ཁུལ་གསུམ་གསར་འཛུགས་བྱེད་རྒྱུ་གཏན་ཁེལ་བྱས། དེ་དང་མཉམ་དུ་ཚོགས་ཐོག་ནས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་ཧྲང་ཧེ་རུ་གོ་རིམ་ལྡན་པའི་སྒོ་ནས་ཁྱོན་ཡོངས་ནས་གསར་སྐྲུན་འཕེལ་རྒྱས་བྱེད་པའི་ཚོད་ལྟ་སྤེལ་བ་དང་། ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུའི་ཐག་གིས་བཅད།
ཚོགས་ཐོག་ནས་ཁྲིན་ཏུའུ་དང་ཁྲུང་ཆིན་གྲོང་ཁྱེར་ཚོགས་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བ་དང་། རྣམ་པ་གསར་བའི་གྲོང་གསེབ་ཅན་དང་ཞིང་ལས་དེང་རབས་ཅན་ཕན་ཚུན་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ལམ་བུ་གསར་བ་གསར་གཏོད་བྱེད་རྒྱུ་དེ། ནུབ་རྒྱུད་གསར་གཏོད་ཆེན་པོ་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་སྤེལ་བ་སོགས་ཀྱི་འཐབ་ཇུས་གལ་ཆེན་དང་མཐུན་པར་བྱེད་པ། དབུས་ནུབ་རྒྱུད་ཀྱི་ནང་མཁོ་སྦས་ཤུགས་སྔོག་འདོན་བྱེད་པ། དཔལ་འབྱོར་འཕར་སྣོན་གྱི་བར་སྟོང་གསར་བ་རྒྱ་བསྐྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར། ཚོགས་ཐོག་ནས«ཁྲིན་ཏུའུ་དང་ཁྲུང་ཆིན་གྲོང་ཁྱེར་ཚོགས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད»ལ་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་རྩ་དོན་སྟེང་«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་འགྲིམ་འགྲུལ་བཅའ་ཁྲིམས་ཀྱི་འཆར་ཟིན»ལ་གྲོས་འཆམ་བྱུང་བ་དང་། འཆར་ཟིན་ལ་དག་བཅོས་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10