ཚོགས་ཆེན་གཉིས་ནས་དམངས་འཚོའི་ལས་འགན་བརྒྱད་ལེགས་འགྲུབ་བྱ་རྒྱུའི་དུས་ཚོད་ཀྱི་རེའུ་མིག་བརྒྱུད་བསྒྲགས་བྱས།

གངས་སྐྱིད་ཀྱིས་བསྒྱུར།        2016-03-23

2016ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་འགོ་ཚུགས་ལོ་ཞིག་ཡིན་ལ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་ལས་འཁྱུར་ངལ་གསོ་དུས་ཚོད་ཕྱིར་འཐེན་བྱ་རྒྱུ་དང་། སྤྱི་ཚོགས་འགན་སྲུང་། སྨན་བཅོས། དབུལ་སྐྱོར། སློབ་སྔོན་སློབ་གསོ་སོགས་མི་སེར་དང་སྐྱིད་སྡུག་མཉམ་སྦྲེལ་གྱི་དམངས་འཚོ་ལས་འགན་འགྲུབ་རྒྱུའི་དུས་ཚོད་གསལ་པོ་བཏོན།
 ལས་འགན་དང་པོ་སྟེ། 2016ལོར་རང་རྒྱལ་གྱིས་འཆར་གཞི་བཏོན་ནས་ལས་འཁྱུར་ངལ་གསོའི་ལོ་ཚོད་ཕྱིར་འཐེན་བྱ་རྒྱུའི་བསམ་འཆར་བསྡུ་ལེན་བྱ་རྒྱུ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་ཟིན་ནང་གསལ་པོར་བསྟན་དོན། རང་རྒྱལ་གྱིས་རིམ་སྐྱོད་རང་བཞིན་གྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་ཕྱིར་འཐེན་བྱ་རྒྱུའི་སྲིད་ཇུས་བཏོན་པ་དང་། ལས་འཁྱུར་ངལ་གསོ་ཕྱིར་འཐེན་བྱ་རྒྱུའི་འཆར་གཞི་དེ་ད་ལོར་འབྲེལ་ཡོད་གོ་རིམ་ལྟར་ཆོག་མཆན་གནང་བར་ཐོབ་རྗེས་སྤྱི་ཚོགས་ལ་བསམ་འཆར་བསྡུ་ལེན་བྱེད་པ་དང་། འཐུས་ཚང་བཏང་རྗེས་དངོས་སུ་འདོན་དགོས།
 ལས་འགན་གཉིས་པ་སྟེ། གྲོས་གཞི་བྱ་རྒྱུར་ཕུལ་བའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་སེང་ནང་བསྟན་དོན། 2016ལོའི་ཟླ་བ་དང་པོའི་ཚེས1ཉིན་ནས་བཟུང་བརྒྱ་ཆ6.5ཡས་མས་ཀྱི་ཚད་གཞི་ལྟར་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་མ་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་བ་དང་། ས་གནས་མང་པོས་སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་སྤྲོད་ཚད་ཉུང་དུ་གཏང་དགོས།
 ལས་འགན་གསུམ་པ་སྟེ། 2016ལོར་མཐུན་སྦྱོར་ངང་སྨན་བཅོས་དང་། སྨན་བཅོས་འགན་སྲུང་། སྨན་བཅོས་དང་སྨན་རྫས་མཉམ་འགུལ་བཅོས་བསྒྱུར་བྱ་རྒྱུར་སྐུལ་འདེད་གཏང་རྒྱུ། ནད་ཆེན་པོར་སྨན་བཅོས་ཉེན་འགོག་ཡོངས་སུ་ཁྱབ་པ་དང་། བརྒྱ་ཆ71ཡས་མས་ཀྱི་ས་གནས་སུ་རིམ་པ་བགོས་ཏེ་སྨན་བཅོས་བྱེད་པའི་ཚོད་ལྟ་ལས་ཀ་སྤེལ་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར160བཀོད་སྒྲིག་བྱ་དགོས། དུས་མཚུངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་གཞི་རྩའི་ཉེན་འགོག་ལམ་ལུགས་ལེགས་སྒྲིག་ཕྱོགས་བསྡུས་བྱ་དགོས་ཤིང་། ནོར་སྲིད་ཀྱིས་ཁ་གསབ་བྱེད་ཚད་དེ་ལོ་རེར་མི་རེའི་སྒོར380ནས་སྒོར420ལ་མཐོ་རུ་གཏང་དགོས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་ཐད་ནོར་སྲིད་ཀྱི་ཁ་གསབ་བྱེད་ཚད་དེ་ཆ་སྙོམས་མི་རེའི་སྒོར40ནས་སྒོར45ལ་མཐོ་རུ་བཏང་སྟེ། སྨན་བཅོས་ཐོན་ཁུངས་གཞི་རིམ་དང་ཞིང་སྡེར་ཕྱོགས་པར་སྐུལ་འདེད་གཏང་དགོས།
 ལས་འགན་བཞི་པ་སྟེ།2016ལོར་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཁྲི1000དབུལ་སྐྱོར་བྱ་རྒྱུའི་ལས་འགན་ལེགས་འགྲུབ་བྱ་དགོས་ཤིང་། དེའི་ནང་མི་ཁྲི200ཡན་ཆད་གཞན་ཡུལ་དུ་གནས་སྤོ་བྱས་ཏེ་དབུལ་སྐྱོར་བྱ་དགོས། མུ་མཐུད་དེ་དབུལ་ཕོངས་ཞིང་སྡེའི་ཉེན་ཁང་བཟོ་བཅོས་བྱ་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་བརྒྱ་ཆ43.4མཐོ་རུ་གཏང་དགོས།
 ལས་འགན་ལྔ་པ་སྟེ། 2016ལོར་གྲོང་རྡལ་གྱི་སྤྱིལ་ཁང་སྡེ་ཁུལ་གྱི་སྡོད་ཁང་ཁྲི600བསྐྲུན་རྒྱུའི་ལས་འགན་བསྒྲུབ་དགོས་ཤིང་། ཞིང་སྡེའི་ཞིང་དུད་ཁྲི314ཡི་ཉེན་ཁང་ལེགས་བཅོས་བྱ་དགོས། དེས་མ་ཚད་སྡོད་ཁང་གླ་ཆོག་པར་མ་ཟད་ཉོས་ཀྱང་ཆོག་པའི་སྡོད་ཁང་ལམ་ལུགས་བཙུགས་ཏེ་ཆ་རྐྱེན་འཛོམས་པའི་ཕྱི་ནས་ཡོང་བའི་མི་གྲངས་དེ་རིམ་དུ་སྤྱི་གླ་སྡོད་ཁང་གི་འདོན་སྤྲོད་བྱེད་ཁྱོན་དུ་འཇུག་དགོས།
 ལས་འགན་དྲུག་པ་སྟེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན་ནང་གསལ་པོར་བསྟན་དོན། ཕྱོགས་བསྡུས་དང་རིགས་བགོས་ཟུང་འབྲེལ་བྱེད་པའི་མི་སྒེར་གྱི་ཐོབ་ཁྲལ་ལམ་ལུགས་མགྱོགས་པོ་འཛུགས་དགོས། རྒྱལ་ཡོངས་དམངས་ཆེན་ཁྲིམས་འཛུགས་ཀྱི་འཆར་འགོད་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ལྟར། 2016ལོར་ཕྱོགས་བསྡུས་དང་རིགས་བགོས་ཟུང་འབྲེལ་བྱེད་པའི་མི་སྒེར་ཐོབ་ཁྲལ་གྱི་འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་གྱིས་གྲོས་ཞིབ་བྱ་རྒྱུར་འབུལ་དགོས།
 ལས་འགན་བདུན་པ་སྟེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན་ནང་བསྟན་དོན། གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ཚད་དང་ལྡན་པའི་འཆར་གཞི་གཏན་འཁེལ་བྱ་དགོས་ཤིང་། ས་གནས་རིམ་པ་དང་དེའི་ཡན་ཆད་གྲོང་ཁྱེར་གྱི་སྦགས་བཙོག་ཐེབས་པའི་ཉིན་གྲངས་བརྒྱ་ཆ25ཉུང་དུ་གཏོང་ཐུབ་པ་བྱ་དགོས། ལོ5ཡི་ནང་ཁོར་ཡུག་བཅོས་སྐྱོང་བྱས་ཏེ་ས་གནས་རིམ་པ་ཡན་ཆད་ཀྱི་གྲོང་ཁྱེར་གྱི་གནམ་གཤིག་ཡག་པོའི་ཉིན་གྲངས་བརྒྱ་ཆ80ལས་བརྒལ་ཐུབ་དགོས།
 ལས་འགན་བརྒྱད་པ་སྟེ། བཟའ་ཟླ་རེར་བུ་ཕྲུག་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཡོངས་སུ་ལག་ལེན་བསྟར་རྗེས་འབྲེལ་ཡོད་ཕྱོགས་ཀྱིས་ཚོད་དཔག་བྱས་པར་བལྟས་ན་ལོ་རེར་བྱིས་པ་ཁྲི300སྣོན་རྒྱུ་ཡིན་པས། སློབ་སྔོན་སློབ་གསོར་གནོན་ཤུགས་ཆེན་པོ་ཐེབས་ངེས་རེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན་ནང་སློབ་སྔོན་ལོ་གསུམ་གྱི་བྱིས་པའི་སློབ་ཞུགས་ཚད་རགས་རྩིས་བྱས་ན་བརྒྱ་ཆ85མཐོ་རུ་གཏང་དགོས་པ་བཅས་སོ།།
  • ལེ་ཚན་སྔོན་མ།:དབུལ་བྲལ་གྱི་ལས་གཞི་གསར་འབྱེད་བྱས་ཏེ་འབྱོར་འབྲིང་གི་ལམ་དུ་བསྐྱོད།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་ཤུགས་ཆེན་པོས་ཐཱན་དམའ་བའི་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱེད།
  • དོ་སྣང་ཆེ་བའི་རྩོམ།