རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞབས་ཞུ་ཉོ་འཚོང་གསར་སྐྲུན་ཚོད་ལྟ་བྱེད་པར་མཆན་འགོད་བཀའ་ལན་གནང་།
ཁྲེན་ཞང་གིས་བསྒྱུར། 2016-03-16
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ2པའི་ཚེས25ཉིན་འབྱོར་བའི་གཏམ་གསར། ཙུང་ལི་ལི་ཁེ་ཆང་གིས་ཆོག་མཆན་གནང་བར་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《ཞབས་ཞུ་ཉོ་འཚོང་གསར་སྐྲུན་ཚོད་ལྟ་བྱེད་པར་མོས་མཐུན་བྱས་པའི་སྐོར་གྱི་མཆན་འགོད་བཀའ་ལན》པར་དུ་བསྐྲུན་ནས་ཐེན་ཅིན་དང་ཧྲང་ཧའེ། ཧའེ་ནན། ཧྲེན་ཀྲེན། ཧང་ཀྲོའུ། ཝུའུ་ཧན། ཀོང་ཀྲོའུ། ཁྲེང་ཏུའུ། ཧྲུའུ་ཀྲོའུ། ཝེ་ཧའེ། ཧ་ཨེར་པིང་གི་འདུས་ཁུལ་གསར་པ། འབྲི་ཆུ་བྱང་རྒྱུད་ཀྱི་ས་ཁུལ་གསར་པ། འབྲི་ཆུ་དང་ཅ་ལིན་ཆུ་གཉིས་བར་གྱི་འདུས་ཁུལ་གསར་པ། ཀུའེ་ཨན་གྱི་འདུས་ཁུལ་གསར་པ། ཞི་ཞན་གྱི་འདུས་ཁུལ་གསར་པ་བཅས་ཞིང་ཆེན་དང་གྲོང་རྡལ་གྱི་ས་ཁོངས་སུ་ཞབས་ཞུ་ཉོ་འཚོང་གསར་སྐྲུན་ཚོད་ལྟ་བྱ་རྒྱུར་མོས་མཐུན་བྱས་པ་དང་། ཚོད་ལྟ་བྱེད་ཡུན་ལོ་གཉིས་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་བཀའ་ལན་བྱས་པའི་ཉིན་མོ་ནས་བརྩི་རྒྱུ་རེད།ཚོད་ལྟ་འཆར་གཞིའི་ནང་ནན་པོར་བསྟན་དོན། ཚོད་ལྟའི་ས་ཁུལ་ལ་སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས་པ་སྟེ། གཅིག་ནི་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། གཉིས་ནི་ཁྲལ་འབབ་ཀྱི་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏང་དགོས། གསུམ་ནི་དངུལ་ལོར་ཞབས་ཞུའི་བྱེད་ཐབས་གསར་སྐྲུན་བྱ་དགོས། བཞི་ནི་ཞབས་ཞུ་ཉོ་འཚོང་གསར་སྐྲུན་དང་འཕེལ་རྒྱས་གཏོང་བའི་སྣེ་ཁྲིད་ཐེབས་རྩ་འཛུགས་དགོས་པ་བཅས་སོ།།