གཙོ་གནད་ཀྱི་ཐ་སྙད་བཅུ་ནས་སྲིད་གཞུང་ལས་ཀའི་སྙན་སེང་ལ་གསལ་བཀྲོལ་བྱས།
གངས་སྐྱིད་ཀྱིས་བསྡུས་བསྒྱུར་བྱས། 2016-03-16
ཟླ་བ3པའི་ཚེས5ཉིན་འཚོག་འགོ་ཚུགས་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཙུང་ལི་ལི་ཁེ་ཆང་གིས་ཞུས་པའི་སྲིད་གཞུང་ལས་ཀའི་སྙན་སེང་ནང་ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན་ཞེས་བཏོན་གནང་བ་དང་། བཅོས་བསྒྱུར་དང་གསར་སྐྲུན་ཞེས་པའི་ཐ་སྙད་ནི་སྙན་སེང་ནང་ཡང་ཡང་བཏོན་པའི་ཐ་སྙད་གཉིས་ཡིན་པ་རེད།གཙོ་གནད་ཀྱི་ཐ་སྙད་དང་པོ་ནི་སྔོན་དཔག་གི་དཔལ་འབྱོར་འཕར་ཚད་བརྒྱ་ཆ6.5ནས7བར་ཡོང་ཐུབ་པ་བྱ་རྒྱུ་དེ་རེད། དཔལ་འབྱོར་གྱི་འཕར་ཚད་ལུགས་མཐུན་གྱི་ཁོངས་སུ་སྲུང་འཛིན་བྱེད་པ་དེ་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་བྱེད་པར་བསམ་བློ་བཏང་ཡོད་ལ། ཚོང་རའི་སྔོན་དཔག་གི་འཁོར་སྐྱོད་ལ་བརྟན་བརླིང་དང་སྣེ་ཁྲིད་ཀྱང་བྱེད་ཐུབ་ཅིང་། ལས་ཞུགས་གང་ལེགས་བྱེད་པར་མངོན་འགྱུར་བྱ་རྒྱུ།གཙོ་གནད་ཀྱི་ཐ་སྙད་གཉིས་པ་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་བྱ་རྒྱུ་དེ་རེད། ཕན་ནུས་མེད་པ་དང་དམའ་རིམ་གྱི་འདོན་སྤྲོད་ཇེ་ཉུང་དུ་གཏོང་བ་དང་། ཕན་ནུས་ལྡན་པ་དང་མཐོ་རིམ་གྱི་འདོན་སྤྲོད་བྱེད་ཁྱོན་རྒྱ་སྐྱེད་གཏོང་བ། སྤྱི་པའི་ཐོན་རྫས་དང་སྤྱི་པའི་འདོན་སྤྲོད་ཞུབས་ཞུའི་འདོན་སྤྲོད་བྱེད་ཚད་ཇེ་མང་གཏོང་བ། འདོན་སྤྲོད་དང་མཁོ་དགོས་ཀྱིས་མཐུན་སྦྱོར་ངང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་རྒྱུ།གཙོ་གནད་ཀྱི་ཐ་སྙད་གསུམ་པ་ནི་དཔལ་འབྱོར་གསར་པ་ཞེས་པ་དེ་རེད། ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ་བཅས་སྤེལ་བར་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། སྒྲིག་གཞི་དང་ནང་རྐྱེན་གསར་སྐྲུན་བྱེད་པར་བརྟེན་ནས་མཉམ་སྤྱོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་དྲ་བ་སོགས་དེང་རབས་ཀྱི་ལག་རྩལ་བེད་སྤྱོད་བྱས་ཏེ་ཐོན་སྐྱེད་དང་དོ་དམ། ཚོང་གཉེར་བཅས་ཀྱི་བྱེད་ཐབས་བསྒྱུར་བཀོད་ཡོང་བར་སྐུལ་འདེད་བཏང་སྟེ་སྲོལ་རྒྱུན་གྱི་ཕན་ནུས་བཟོ་བཅོས་དང་མཐོ་རུ་གཏང་རྒྱུ།གཙོ་གནད་ཀྱི་ཐ་སྙད་བཞི་པ་ནི་དབུལ་སྐྱོར་འགག་སྒྲོལ་ཞེས་པ་དེ་རེད། ཞིང་སྡེའི་དབུལ་ཕོངས་མི་གྲངས་ཁྲི1000ཡན་ཆད་དབུལ་སྐྱོར་བྱ་རྒྱུའི་ལས་འགན་ལེགས་འགྲུབ་བྱ་རྒྱུ། དབུལ་སྐྱོར་དབུལ་བྲལ་ནི་འགྱུར་མེད་ཀྱི་ལས་འགན་ཡིན་པས། རིམ་པ་སོ་སོའི་སྲིད་གཞུང་གིས་ངེས་པར་དུ་སྤུས་འབོར་གཉིས་ལྡན་གྱི་སྒོས་ལེགས་འགྲུབ་བྱ་དགོས།
གཙོ་གནད་ཀྱི་ཐ་སྙད་ལྔ་པ་ནི་སྲིད་གཞུང་རང་ཉིད་འཛུགས་སྐྲུན་བྱ་རྒྱུ་དེ་རེད། མི་དམངས་ཀྱི་བློར་བབས་པའི་ཁྲིམས་སྐྱོང་གི་སྲིད་གཞུང་དང་། གསར་སྐྲུན་གྱི་སྲིད་གཞུང་། སྤྱོད་གཙང་གི་སྲིད་གཞུང་། ཞབས་ཞུ་ཅན་གྱི་སྲིད་གཞུང་བཅས་བསྐྲུན་པ་དང་། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་གཏོང་བའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་གིས་བྱ་བ་མི་སྒྲུབ་པའི་གནས་ཚུལ་མེད་པར་བཟོ་རྒྱུ།གཙོ་གནད་ཀྱི་ཐ་སྙད་དྲུག་པ་ནི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བ་དེ་རེད། ཏང་སྲོལ་སྲིད་དོན་གཙང་སྐྱོང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང་། ཁྲིམས་འགལ་བྱ་སྤྱོད་ལ་འཆུན་འདོམས་ནན་པོ་བྱེད་པ། སྲིད་འཛིན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩིས་བཤེར་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏང་རྒྱུ།
གཙོ་གནད་ཀྱི་ཐ་སྙད་བདུན་པ་ནི་སྦགས་བཙོག་ལ་བཅོས་སྐྱོང་ནན་པོ་བྱ་རྒྱུ་དེ་རེད། ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྗང་མདོག་འཕེལ་རྒྱས་གཏོང་བར་བྱས་རྗེས་གསར་པ་ཐོན་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཉེན་མེད་ཀྱི་སྲུང་ཡོལ་འཛུགས་ཤུགས་ཆེ་རུ་བཏང་སྟེ་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པར་སྟོབས་ཤུགས་འབུལ་དགོས།
གཙོ་གནད་ཀྱི་ཐ་སྙད་བརྒྱད་པ་ནི་གྲོང་རྡལ་ཅན་གསར་པ་བསྐྲུན་རྒྱུ་དེ་རེད། ཞིང་སྡེའི་གནས་སྤོ་མི་གྲངས་གྲོང་མི་ཅན་དུ་མགྱོགས་པོ་འགྱུར་བ་བྱ་རྒྱུ། གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་དང་ས་ཁང་བདག་ཁོངས་ཀྱི་ཚོང་ར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་དོ་དམ་བཅས་བྱེད་པར་ཤུགས་བརྒྱག་རྒྱུ།
གཙོ་གནད་ཀྱི་ཐ་སྙད་དགུ་པ་ནི་དམངས་འཚོ་ལེགས་བཅོས་ཞེས་པ་དེ་རེད། ཤུགས་ཆེན་པོས་ལས་ཞུགས་དང་ལས་ལམ་གསར་འབྱེད་རྒྱ་སྐྱེད་གཏོང་བ་དང་། སྤུས་ཚད་དེ་བས་མཐོན་པོ་དང་དེ་བས་དྲང་གཞག་གི་སློབ་གསོ་འཕེལ་རྒྱས་གཏོང་བ། སྨན་བཅོས་དང་། སྨན་བཅོས་ཉེན་འགོག སྨན་རྫས་མཉམ་འགུལ་བཅོས་བསྒྱུར་བྱ་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་སྲུང་གི་ཉེན་མེད་དྲ་བ་ཚགས་དམ་པོ་དང་སྲ་མོ་བཟོ་རྒྱུ།
གཙོ་གནད་ཀྱི་ཐ་སྙད་བཅུ་པ་ནི་ཕྱི་ཕྱོགས་ལ་སྒོ་འབྱེད་པ་ཞེས་པ་དེ་རེད། ལམ་གཅིག་རྒྱུད་གཅིག་གི་ལམ་ངོགས་རྒྱལ་ཁབ་བསྐྲུན་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱེད་པ་རྒྱ་སྐྱེད་གཏོང་བ། ཕྱི་འཚོང་གསར་སྐྲུན་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཕྱིའི་མ་དངུལ་བེད་སྤྱོད་བྱ་རྒྱུའི་ཆུ་ཚད་མཐོ་རུ་གཏོང་བ། རང་མོས་ཉོ་འཚོང་སྡེ་ཁུལ་བསྐྲུན་རྒྱུའི་ཐབས་ཇུས་ལག་ལེན་མགྱོགས་པོ་བྱ་རྒྱུ་བཅས་སོ།།