བརྟན་བརླིང་ནང་ཡར་ཐོན་ཡོང་བ་དང་བརྟན་བརླིང་ནང་གནས་བབ་བཟང་པོ་ཤར།
གངས་སྐྱིད་ཀྱིས་བསྒྱུར། 2016-03-09
༄༅།། རྒྱལ་དམངས་ཐོན་སྐྱེད་རིན་ཐང་བརྒྱ་ཆ6.9འཕར་སྣོན་བྱུང་། 2015ལོར་རང་རེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར676708འཕར་སྣོན་བྱུང་སྟེ་ལོ་གོང་མ་ལས་བརྒྱ་ཆ6.9འཕར་སྣོན་བྱུང་བ་དེ་ལོ25ནས་བཟུང་ཐེངས་དང་པོར་བརྒྱ་ཆ7མན་ཆད་དུ་ཆག་ཡོད། དུས་ཚིགས་དང་པོ་ནས་དུས་ཚིགས་བཞི་པའི་བར་དུས་མཉམ་དུ་འཕར་ཚད་ཁག་འབྱེད་དེ་བརྒྱ་ཆ7དང་། བརྒྱ་ཆ7བརྒྱ་ཆ6.9བརྒྱ་ཆ6.8ཡིན།
༄༅།། གྲོང་རྡལ་དུ་ལས་ཞུགས་མི་སྣ་ཁྲི1200གསར་དུ་འཕར་སྣོན་བྱུང་། 2015ལོར་རྒྱལ་ཡོངས་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི40410ཡོད། མི་དོན་སྤྱི་ཚོགས་པུའུ་ཡི་གཞི་གྲངས་ལྟར། 2015ལོར་རང་རྒྱལ་གྱིས་བསྟུད་མར་ལོ5གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི1200འཕར་སྣོན་བྱས། གྲོང་རྡལ་གྱི་ལས་ཤོར་མི་སྣའི་ཐོ་འགོད་བྱེད་ཚད་བརྒྱ་ཆ4ཡས་མས་སྲུང་འཛིན་བྱས་ཏེ་བརྒྱ་ཆ5ཡི་ཚོད་འཛིན་དམིགས་འབེན་ལས་དམའ་བ་རེད།
༄༅།། ཡུལ་མིའི་ཡོང་འབབ་ཀྱི་འཕར་ཚད་རྒྱལ་དམངས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་ལས་མཐོ། 2015ལོར་རྒྱལ་ཡོངས་ཡུལ་མིའི་ཆ་སྙོམས་མི་རེས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21966ཡིན་པ་དང་། རིན་གོང་གི་རྒྱུ་རྐྱེན་ཕུད་ཁར་དུས་མཉམ་ལས་བརྒྱ་ཆ7.4དངོས་གནས་འཕར་སྣོན་བྱུང་། གྲོང་རྡལ་དང་ཞིང་སྡེའི་ཡུལ་མིའི་ཆ་སྙོམས་མི་རེས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་དུས་མཉམ་ལས་ཁག་འབྱེད་དེ་བརྒྱ་ཆ6.6དང་བརྒྱ་ཆ7.5འཕར་སྣོན་བྱུང་།
༄༅།། ཡུལ་མིའི་འཛད་སྤྱོད་རིན་གོང་བརྒྱ་ཆ1.4འཕར། 2015ལོར་ཡུལ་མིའི་འཛད་སྤྱོད་རིན་གོང་དེ་དུས་མཉམ་ལས་བརྒྱ་ཆ1.4འཕར་ཡོད། འཕར་ཚད་དེ2014ལོ་ལས་བརྒྱ་ཆའི་གྲངས་ཀ0.6མར་ཆག་ཡོད་ཅིང་། ལོ་འཁོར་བརྒྱ་ཆ3འཕར་བའི་སྔོན་རྩིས་དམིགས་འབེན་ལས་དམའ་བ་དང་། 2010ལོ་ནས་བཟུང་འཛད་སྤྱོད་རིན་གོང་ཆེས་འཕར་ཉུང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན་ཡོད།
༄༅།། ཐོན་ལས་གསུམ་པ་གོང་འཕེལ་མགྱོགས་པོ་བྱུང་། 2015ལོར་ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་དེ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བཟུང་བའི་བསྡུར་ཚད་བརྒྱ་ཆ50.5ཡིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་ཀ 2.4འཕར་བ་དང་ཐོན་ལས་གཉིས་པ་ལས་བརྒྱ་ཆ10མཐོ་བ་རེད། དུས་མཚུངས་སུ2015ལོར་ལག་རྩལ་ཐོན་ལས་ཀྱི་འཕར་སྣོན་རིན་ཐང་དུས་མཉམ་ལས་བརྒྱ་ཆ10.2འཕར་སྣོན་བྱུང་སྟེ་གཞི་ཁྱོན་ལྡན་པའི་བཟོ་ལས་ལས་བརྒྱ་ཆའི་གྲངས་ཀ4.1འཕར་བ་དེའི་ཐོག་ནས་རང་རྒྱལ་གྱི་དཔལ་འབྱོར་སྒྲིག་གཞི་རྒྱུན་མཐུད་དེ་བཟང་སྒྲུག་ཡོང་བར་མཚོན།
༄༅།། མ་དངུལ་གཏོང་འཇོག་གི་འཕར་ཚད་རྒྱུན་མཐུད་དེ་ཆག་པ། 2015ལོར་གཏན་འཇགས་མ་རྩའི་མ་དངུལ་གཏོང་འཇོག་བྱེད་ཚད་མིང་ཐོག་བརྒྱ་ཆ10འཕར་ཡོད། རིན་གོང་གི་རྒྱུ་རྐྱེན་ཕུད་ཁར་དངོས་སུ་བརྒྱ་ཆ12འཕར་ནས་དངོས་འཕར་བྱུང་བའི་ཚད་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་ཀ2.9ཆག་ཡོད།
༄༅།། འཛད་སྤྱོད་བྱེད་ཚད་ཆེས་ཆེར་འཕར་བ། 2015ལོར་སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་རིན་གོང་གི་བསྡོམས་འབོར་དེ2014ལོ་ལས་མིང་ཐོག་བརྒྱ་ཆ10.7འཕར་ཡོད། རིན་གོང་གི་རྒྱུ་རྐྱེན་ཕུད་ཁར་དངོས་སུ་བརྒྱ་ཆ10.6འཕར་ནས་དངོས་འཕར་བྱུང་ཚད་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་ཀ0.3ཆག་ཡོད།
༄༅།། ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་དྲུག་རིང་མར་ཆག་ཡོད། 2015ལོར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་དེ་དུས་མཉམ་ལས་བརྒྱ་ཆ7ཆག་ཡོད། དེའི་ནང་ཕྱིར་གཏོང་ཚད་དེ་དུས་མཉམ་ལས་བརྒྱ་ཆ1.8ཆག་ཡོད་ཅིང་། ནང་འདྲེན་བྱེད་ཚད་དེ་དུས་མཉམ་ལས་བརྒྱ་ཆ13.2ཆག་ཡོད། 2009ལོ་ནས་བཟུང་ཐེངས་དང་པོར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མཉམ་ཆག་ཡོང་ཡོད།
༄༅།། དངུལ་ལོའི་ཡིད་རྟོན་དངུལ་བུན་གཏོང་ཚད་བརྟན་བརླིང་ངང་འཕར་ཡོད། 2015ལོར་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར11.72གསར་སྣོན་བྱས་ཏེ་ལོ་རྒྱུས་ཐོག་གི་ཆེས་མཐོ་བའི་ཆུ་ཚད་བསྐྲུན། ལོ་ཧྲིལ་པོར་སྤྱི་ཚོགས་མ་དངུལ་བསྡུ་རུབ་གཞི་ཁྱོན་གྱི་འཕར་ཚད་སྒོར་ཁྲི་དུང་ཕྱུར15.41ཡིན་པ་དེ་ཉེ་བའི་ལོ་ལྔའི་རིང་གི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད།
༄༅།། འབྲུ་རིགས་ཀྱི་ཐོན་ཚད་བསྡོམས་འབོར་བསྟུད་མར་ལོ་བཅུ་གཉིས་ལ་འཕར་སྣོན་བྱུང་། 2015ལོར་རྒྱལ་ཡོངས་འབྲུ་རིགས་ཀྱི་ཐོན་ཚད་བསྡོམས་འབོར་ཏུན་ཁྲི62143ལ་བསླེབས་ཏེ2014ལོ་ལས་ཏུན་ཁྲི2.4འཕར་ཡོད། རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་དེ་བསྟུད་མར་ལོ་བཅུ་གཉིས་འཕར་སྣོན་བྱུང་ཡོད།ཞིང་ལས་ཐད་རྒྱུན་མཐུད་དེ་གནས་བབ་བཟང་པོ་སྲུང་འཛིན་ཐུབ་པ་དང་ཀྲུང་གོའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རྨང་གཞི་སྲ་བརྟན་བཏིང་ཡོད་དོ།།