རྒྱལ་ཡོངས་ཀྱི་བོད་སྐད་ཐོན་ཁུངས་འཛུགས་སྐྱོང་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2014-07-16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་12ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་ཀྱི་བོད་སྐད་ཐོན་ཁུངས་འཛུགས་སྐྱོང་ལྟེ་གནས་ཀྱི་སྒོ་བྱང་ལྷ་སར་དངོས་སུ་བཀལ་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཕན་ལོ་ཤས་རིང་རྒྱལ་ཡོངས་ཀྱི་སྤྱི་པའི་རིག་གནས་འཕེལ་རྒྱས་ལྟེ་གནས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཞིབ་ཕྲའི་མཛུབ་ཁྲིད་འོག་རང་ལྗོངས་ཀྱིས་ཕུལ་བྱུང་རིག་གནས་ཐོན་ཁུངས་ཀྱི་བོད་སྐད་སྒྱུར་བཟོའི་ལས་དོན་གྱི་ལས་འགན་ཧུར་ཐག་ཁུར་ཏེ《ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད》དང་།《བོད་ཀྱི་དམངས་ཁྲོད་ཞབས་བྲོ》 《རྟ་རྒྱུག་རིག་གནས》 《གླིང་སྒྲུང་གི་མཐོང་ཐོས་སྨྱན་སྦྱོར་ཐོན་ཁུངས》 《བོད་ཀྱི་གསར་བརྗེའི་གླུ་གར་གྱི་མཐོང་ཐོས་སྨྱན་སྦྱོར་ཐོན་ཁུངས》སོགས་ཐོན་ཁུངས་འཛུགས་སྐྱོང་གི་ལས་དོན་ལེགས་གྲུབ་ཟིན་པ་དང་ཆུ་ཚོད་500ཡི་ཕུལ་བྱུང་ཐོན་ཁུངས་ཀྱི་བོད་སྐད་སྒྱུར་བཟོའི་ལས་དོན་ལེགས་གྲུབ་ཟིན་ནས་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཐོན་ཁུངས་དང་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་རེད།

རང་སྐྱོང་ལྗོངས་རིག་གནས་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བོད་སྐད་ཐོན་ཁུངས་འཛུགས་སྐྱོང་ལྟེ་གནས་རང་ལྗོངས་སུ་བཙུགས་པ་དེས་ཕུལ་བྱུང་རིག་གནས་ཐོན་ཁུངས་ཀྱི་བོད་སྐད་སྒྱུར་བཟོ་དང་།མཁོ་སྤྲོད།བསྡུ་སྒྲིལ་བཅས་ཀྱི་ཐད་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བོད་སྐད་ཐོན་ཁུངས་མཛོད་ཆགས་པ་དང་སྤྱི་པའི་གྲངས་འཛིན་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་བོད་སྐད་ཐོན་ཁུངས་སྒྱུར་བཟོའི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་མཉམ་སྤྱོད་འདུ་འགོད་ཀྱི་གྲངས་འཛིན་ཐོན་ཁུངས་ཀྱི་ནང་དོན་རྒྱ་ཆེར་བཏང་ཐོག་རྒྱ་ཆེའི་མི་དམངས་མང་ཚོགས་ལ་མཐོང་ཐུབ་པ་དང་།ཉན་ཐུབ་པ།སྤྱོད་གོ་ཆོད་པ་བཅས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བའི་སྣ་མང་ཕུན་སུམ་ཚོགས་པའི་གྲངས་འཛིན་རིག་གནས་ཀྱི་ཞབས་ཞུ་བྱ་རྒྱུ་རེད་ཅེས་བཤད་པ་རེད།སྒོ་བྱང་བཀལ་བའི་མཛད་སྒོའི་ཐོག་རྒྱལ་སའི་དཔེ་མཛོད་ཁང་དང་ཧྲན་ཏུང་ཞིང་ཆེན་གྱི་དཔེ་མཛོད་ཁང་སོགས་ཚན་པས་རང་ལྗོངས་ལ་སྒོར་ཁྲི་130རི་བའི་དཔེ་དེབ་དང་སྒྲིག་ཆས་ཞལ་འདེབས་སུ་ཕུལ་བ་རེད།

  • ལེ་ཚན་སྔོན་མ།:《ཀྲུང་གོའི་ཚྭ་འདམ་བྲག་རིས》སོགས་བརྩམས་ཆོས་ཁག་གསུམ་དངོས་སུ་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:བོད་ཀྱི་ནག་ཆུའི་ལས་གྲྭ་གསུམ་སང་ལོ་བསྐྲུན་ཐུབ་ནས་བེད་སྤྱོད་བྱ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།