ཀླུ་མོ་མཚོ། ཀྲུང་གོ་བོད་ཀྱི་དྲ་བ། 2016-02-25
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་ཚན་བཅུ་གཉིས་པའི”སྐབས་སུ། ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་དགུའི“དམངས་འཚོ་དང་གྲོང་ཁྱེར་བདེ་འཇགས”གྱི་འཐབ་ཇུས་རྐང་འཛུགས་ས་བྱས་ཏེ་ལག་བསྟར་ནན་མོ་བྱེད་བཞིན་ཡོད་པ་མ་ཟད། ད་དུང“ལས་རིགས་ཀྱིས་མི་སྐྱོང་བ། ལས་རིགས་ཀྱིས་མི་བདེ་ལ་འགོད་པ། ལས་རིགས་ཀྱིས་མིར་དོ་དོམ་བྱེད་པ། ལས་རིགས་ཀྱིས་མི་ཕྱུག་པོར་བསྒྱུར་བ”བཅས་བརྗོད་བྱ་ཡིན་པའི“ལས་རིགས་བཞིའི་བཟོ་སྐྲུན”ལ་ནུས་ཤུགས་ཡོད་དགུའི་སྐུལ་འདེད་བྱེད་ཀྱིན་ཡོད་ལ། མི་འབོར་ཁྲི58ཡོད་པའི་ལྷ་ས་གྲོང་ཁྱེར་ནས་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྒྱུར་ཏེ་མིའི་ཐེངས་གྲངས་ཁྲི85.23ཡིས་ལས་ཞུགས་མངོན་འགྱུར་བྱུང་བ་དང་། ཡོང་འབབ་སྒོར་དུང་ཕྱུར22.03ཡོད།
ལོ་ངོ་མང་པོའི་རིང་ལ། ལྷ་ས་གྲོང་ཁྱེར་གྱིས་ལས་ཞུགས་ཀྱི་གཙོ་ཐིག་ཏེ་གཙོ་བོར་བཟུང་ནས་དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱེད་པ་འགོ་བཙུགས་ས་དང་རྐང་འཛུགས་ས་བྱས་ནས། “ངལ་རྩོལ་པ་རང་དབང་སྒོས་ལས་ཞུགས་བྱེད་པ། ཁྲོམ་ར་དག་སྒྲིག་ལས་ཞུགས་བྱེད་པ། སྲིད་གཞུང་གིས་ལས་ཞུགས་དང་ལས་རིགས་གསར་སྤེལ་ལ་སྐུལ་འདེད”སོགས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་དང་ལས་ཞུགས་དཀའ་ཁག་ཆེ་བའི་མི་སྣ། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་སློབ་མ་དག་གི་ལས་ཞུགས་ལ་སྐུལ་འདེད་བྱེད་པ་དམིགས་ཡུལ་བྱས་ནས་ནན་ཏན་སྒོས་ལས་ཞུགས་དང་འབྲེལ་ཡོད་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ནུས་ཤུགས་ཡོད་སྒོས་ལས་རིགས་ནུས་རྩལ་གསོ་སྦྱང་རྒྱ་ཆེར་སྤེལ་པ། འཐུས་ཚང་གི་མི་ཤུགས་ཐོན་ཁུངས་ཁྲོམ་ར་དང་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་པས་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་ཀྱི་བྱ་བ་ལ་འབུར་ཐོན་གྱི་གྲུབ་འབྲས་ཐོབ་ལ། ལས་ཞུགས་ཀྱི་གནས་ཚུལ་མུ་མཐུད་གཏན་འཇགས་ཡིན་པ་རྒྱུན་འཁྱོངས་བྱས་ཡོད།
“ལོ་ལྔའི་ཚན་བཅུ་གཉིས་པའི”སྐབས་སུ། ལྷ་ས་གྲོང་ཁྱེར་གྱིས་རིགས་སོ་སོའི་རོང་འབྲོག་མང་ཚོགས་ཀྱི་ནུས་རྩལ་གསོ་སྦྱོང་བསྡོམས་པའི་མི་ཁྲི15ལྷག་ལ་བྱས་པ་དང་། གསོ་སྦྱོང་ལ་ཞུགས་པའི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་གཞི་རྩའི་སྟེང་རྒྱུན་སྤྱོད་ཀྱི་ནུས་རྩལ་ཁུང་ཏུ་ཆུད་པ་བཟོས་ཡོད། བསྡོམས་པའི་རིམ་པ་དང་པོའི་ནུས་རྩལ་འཇོན་ཐང་ཅན་གྱི་མི་སྣ4039དང་།འབྲིང་རིམ་གྱི་ནུས་རྩལ་འཇོན་ཐང་ཅན་གྱི་མི་སྣ385 མཐོ་རིམ་གྱི་ནུས་རྩལ་འཇོན་ཐང་ཅན་གྱི་མི་སྣ36གསོ་སྐྱོང་བྱས་པས་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དང་ལས་རིགས་གསར་སྤེལ་གྱི་ནུས་ཤུགས་དང་ཡོང་འབབ་འཕར་སྣོན་བྱུང་སྟེ་ཕྱུག་འགྱུར་གྱི་ནུས་ཤུགས་མངོན་གསལ་ཇེ་དྲག་ཏུ་སོང་།
ལྷ་ས་གྲོང་ཁྱེར་རོང་འབྲོག་མང་ཚོགས་ཀྱི་མིའི་ཆ་སྙོམས་ཀྱི་ཡོང་འབབ2011ལོའི་སྒོར6019ནས2014ལོའི་སྒོར9258ལ་འཕར་བ་དང་། གྲོང་རྡལ་སྡོད་དམངས་དང་ཞིང་སྡེ་སྡོད་དམངས་ཀྱི་ཡོང་སྒོའི་བསྡུར་ཚད་ནི2011ལོའི2.93∶1ནས2014ལོའི2.49∶1ཡིན།
སྤྱི་ཚོགས་ཚན་རིག་ཁང་གི2015ལོའི《སྤྱི་སྤྱོད་རྒྱབ་ཤོག་སྔོན་པོའི་དེབ》ལྟར་ན། ལྷ་ས་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་གི་ལས་ཞུགས་ཡིད་ཚིམ་པའི་ཚད་ནི་བསྟུད་མར་ལོ་ལྔའི་རིང་ཨང་དང་པོ་ཡིན། 2013ལོར།ལྷ་ས་གྲོང་ཁྱེར་ལ་རྒྱལ་ཁབ་རིམ་པའི་ལས་རིགས་གསར་སྤེལ་གྲོང་ཁྱེར་གྱི་བྱ་དགའ་ཐོབ་པ་དང་། 2014ལོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གྲྭ་བཞི་སྡེ་ཁུལ་དང་སྦྲ་ནག་ཞོལ་སྡེ་ཁུལ། ཝ་པ་གླིང་སྡེ་ཁུལ། རྭ་མོ་ཆེ་སྡེ་ཁུལ་བཅས་ལ་སོ་སོར་རྒྱལ་ཁབ་རིམ་པའི་ལས་ཞུགས་དཔེ་སྟོན་སྡེ་ཁུལ་དང་རང་སྐྱོང་ཁུལ་ལས་ཞུགས་སྐར་རིམ་ཅན་སྡེ་ཁུལ་གྱི་གཟི་བརྗིད་མཚན་ཉིད་གནང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10