མཚོ་སྔོན་བོད་སྐད་རླུང་འཕྲིན། 2016-02-25
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ཉེར་གསུམ་ཉིན་རྒྱལ་ཚོགས་ལ་ཀོན་ཐཱ་ནཱ་མའོ་བཙོན་ཁང་གི་སྒོ་བརྒྱག་པའི་འཆར་གཞི་སྤྲད་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་མཐོ་རིམ་ཆེད་མཁས་པ་ཧི་སེ་ཡུན་གྱིས་མྱུར་མོར་གསལ་སྒྲོག་སྤེལ་ཏེ་དགའ་བསུ་ཞུས་པར་མ་ཟད། ཀོན་ཐཱ་ནཱ་མའོ་བཙོན་ཁང་ནི་འདས་པའི་ལོ་བཅུ་བཞིའི་རིང་ཨ་མེ་རི་ཁའི་འགྲོ་མིའི་ཐོབ་ཐང་ཟིན་ཐོའི་མི་ལེགས་པའི་གནད་གལ་ཆེན་ཞིག་ཡིན་པར་བཤད།
ཉིན་དེར་ཨོ་པཱ་མཱ་ཡིས་ཨ་མེ་རི་ཁའི་རྒྱལ་ཚོགས་ལ་ཀོན་ཐཱ་ནཱ་མའོ་བཙོན་ཁང་གི་སྒོ་བརྒྱག་པའི་འཆར་གཞི་སྤྲད། ཉིས་སྟོང་བརྒྱད་ལོར་ཨ་མེ་རི་ཁའི་ཙུང་ཐུང་ལ་འགྲན་རྩོད་བྱེད་པའི་སྐབས་ནས་བཟུང་ཨོ་པཱ་མཱ་ཡིས་ཀོན་ཐཱ་ནཱ་མའོ་བཙོན་ཁང་གི་སྒོ་བརྒྱག་རྒྱུ་ཁས་ལེན་བྱས་པ་དང་། དེའི་རྗེས་སུ་ཁོས་ལོ་རེའི་རྒྱལ་ཁབ་གནས་ཚུལ་སྙན་ཞུ་བྱེད་སྐབས་གནད་དོན་དེ་གླེང་གིན་ཡོད།
ཧི་སེ་ཡུན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ངས་འཆར་གཞི་དེར་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་པ་དང་། འཆར་གཞི་དེ་ལག་བསྟར་བྱེད་སྐབས་སྔར་ལས་ལྷག་པའི་བཀག་རྒྱ་མེད་པར་རེ་བཞིན་ཡོད་ཟེར། ཨ་མེ་རི་ཁའི་རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་གྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཚོད་འཛིན་བྱེད་པའི་སྤྱི་མཐུན་ཏང་གིས་ཨོ་པཱ་མཱའི་འབྲེལ་ཡོད་འཆར་གཞིར་ངོ་རྒོལ་བྱེད་པའི་རྣམ་འགྱུར་བཟུང་ཡོད་པ་དང་། ཕོ་བྲང་དཀར་པོས་སྲིད་འཛིན་བཀའ་རྒྱ་བེད་སྤྱད་དེ་བཙོན་ཁང་དེའི་སྒོ་བརྒྱག་མི་སྲིད་པ་དངོས་སུ་ཁས་ལེན་བྱས་མེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10