ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཁྱབ་ཁོངས་གང་དག་ནང་སྔར་ལྷག་གིས་དམངས་ཁྲོད་ཀྱི་མ་རྩ་བཀག་སྡོམ་གློད་རྒྱུ་རེད་ཅེ་ན།
མིག་དམར་གྱིས་བསྒྱུར། 2016-02-05
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་གྲོས་གཞིའི་ནང་བསྟན་དོན། དམངས་གཉེར་ཁེ་ལས་བཅའ་ཁྲིམས་ལྟར་ཁྱབ་ཁོངས་དེ་བས་མང་པོར་ཞུགས་པར་སྐུལ་སློང་བྱས་ནས་རྒྱལ་ཁབ་ལ་དབང་བ་མིན་པའི་མ་རྩ་དེ་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་ནང་ཞུགས་པར་སྣེ་ཁྲིད་བྱས་པར་བརྟེན། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་གསོན་ཤུགས་དང་གསར་གཏོད་བྱེད་ནུས་སྐུལ་སྤེལ་དེ་བས་ཡག་པོ་བྱ་རྒྱུ་རེད།མ་དངུལ་གཏོང་འཇོག་དང་སྡུད་རུབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་སྐོར་གྱི་གྲོས་གཞིའི་ནང་བསྟན་དོན། ནོར་སྲིད་མ་དངུལ་དོ་སྙོམས་ཚོད་འཛིན་བྱེད་པའི་ནུས་པ་འདོན་སྤེལ་དང་མ་དངུལ་བསྡུ་རུབ་ཀྱི་བྱེད་ཐབས་གསར་གཏོད་བྱས་ནས་སྤྱི་ཚོགས་མ་རྩའི་མ་དངུལ་དེ་བས་མང་པོ་འཇོག་པར་སྐུལ་འཁྲིད་བྱ་དགོས། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་དངུལ་གཏོང་འཇོག་དང་བསྡུ་རུབ་ཀྱི་སྒྲིག་གཞི་གསར་གཏོད་བྱས་ཏེ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་སྟངས་ཁྱབ་གདལ་གཏང་དགོས།
དངུལ་རྩའི་སྒྲིག་གཞི་བཅོས་བསྒྱུར་བཀོད་སྒྲིག་བྱེད་སྐབས། གྲོས་གཞིའི་ནང་བསྟན་དོན། རིམ་པ་མང་བ་དང་ཁེབས་རྒྱ་ཆེ་བ། ཁྱད་པ་ཡོད་པའི་དངུལ་ཁང་གི་སྒྲིག་གཞིའི་མ་ལག་འཛུགས་སྐྱོང་བྱས་ཏེ་དམངས་ཁྲོད་ཀྱི་མ་རྩ་དངུལ་ཁང་ལས་རིགས་སུ་འཇུག་ཚད་རྒྱ་སྐྱེད་བཏང་ནས་དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་ནང་རྐྱེན་འཐུས་ཚང་བཟོས་ནས་ནུས་ཤུགས་ཡོད་རྒུས་ཁེ་ལས་འབྲིང་ཆུང་དང་ཞིང་སྡེ། ལྷག་པར་དུ་དབུལ་ཕོངས་ས་ཁུལ་ལ་དངུལ་རྩའི་ཞབས་འདེགས་ཞུས་དགོས།འཕེལ་རྒྱས་གཏོང་ཁོངས་གསར་པ་རྒྱ་སྐྱེད་གཏང་རྒྱུའི་གྲོས་གཞི་ནང་བསྟན་དོན། གློག་ཤུགས་དང་གློག་འཕྲིན། འགྲིམ་འགྲུལ། རྡོ་སྣུམ། རང་བྱུང་སོལ་རླངས། གྲོང་ཁྱེར་དོ་དམ་གྱི་ལས་དོན་གྱི་སྤྱི་སྤྱོད་སོགས་རང་བྱུང་སྒེར་སྡེམ་ལས་རིགས་ཀྱི་འགྲན་སློང་རང་བཞིན་གྱི་ལས་སྒོ་སྒོ་འབྱེད་ཇེ་མགྱོགས་གཏང་དགོས། སྤྱི་པའི་ཞབས་ཞུའི་སྐོར་གྲོས་གཞིའི་ནང་བསྟན་དོན། སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་སྟངས་གསར་གཏོད་བྱས་ནས་སྲིད་གཞུང་གིས་ཞབས་ཞུ་མཁོ་འདོན་ཉོ་སྒྲུབ་བྱེད་ཐུབ་ན། སྲིད་གཞུང་གིས་ཐད་ཀར་སྒྲུབ་འགན་མི་འཁུར་བ་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ཀྱིས་ཞབས་འདེགས་འདོན་སྤྲོད་བྱེད་ཐུབ་ན། ཡོངས་ཁྱབ་ཏུ་སྤྱི་ཚོགས་ཀྱི་མ་རྩ་ཞུགས་པར་བསྡུ་ལེན་བྱེད་ཆོག་པ་རེད།བདེ་ཐང་ཀྲུང་གོ་དང་རྒན་གསོའི་ཐད་གྲོས་གཞིའི་ནང་བསྟན་དོན། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་སྐུལ་མ་བཏང་སྟེ་བདེ་ཐང་སྐོར་གྱི་ཞབས་ཞུའི་ལས་རིགས་གསར་སྐྲུན་བྱས་ནས་ཁེ་གཉེར་མིན་པའི་དམངས་གཉེར་སྨན་ཁང་དང་གཞུང་བཙུགས་སྨན་ཁང་གི་ཐོབ་ཐང་འདྲ་མཉམ་ཡོང་བ་ལ་སྐུལ་འདེད་གཏང་དགོས།།