ཟླ་བ་དང་པོའི་ཚེས23ཉིན། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པ་ཁྲེང་ཏུའུ་རུ་འཚོག་འགོ་ཚུགས་པ་རེད། ཉིན་ལྔའི་ཚོགས་ཡུན་ནང་དུ་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ཚོས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་བྱས་ཏེ་རང་རེའི་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་རིམ་གྱི་འཕེལ་རྒྱས་ལ་ཇུས་འདོན་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད། མཆོང་བརྒལ་ལྟ་བུ་གཉིས་མངོན་འགྱུར། ཀྲུང་གོའི་ཕུགས་འདུན་སི་ཁྲོན་གྱི་ལེའུ་བྲི་བ་བཅས་ཀྱི་ཆེད་དུ་ཐབས་འདོན་ཇུས་འདོན་བྱ་རྒྱུ་རེད།
ཐེངས་འདིའི་གྲོས་ཚོགས་སུ་ཞུགས་དགོས་པའི་ཨུ་ཡོན876ཡིན་པ་དང་།དངོས་སུ་ཞུགས་པའི་ཨུ་ཡོན841ཡོད་པས་སྲིད་གྲོས་ཀྱི་སྒྲིག་སྲོལ་དང་མཐུན་པ་རེད།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་འགོ་ཚུགས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཁོ་ཙུན་ཕིང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་འགོ་ཚུགས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཡན་ཡུང་ཧོ་དང་ཀྲང་ཡུས་ཏུང་། ཀའོ་ཧྥེང་། ཀྲའེ་ཀྲན་དབྱི། དབྱང་ཞིང་ཕིང་། ཝང་ཀྲེན་རུང་། ཀྲའོ་ཀྲེང་ཞན། ནོར་བུ་རྒྱལ་མཚན། ཁྲེན་ཧྥང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ་རེད།
སྔ་དྲོའི་ཆུ་ཚོད9པའི་ཐོག་ཚོགས་ཆེན་གྱི་གཙོ་འགན་བཞེས་མཁན་ཀའོ་ཧྥེང་གིས་འཚོག་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་ཚང་མ་ཡར་བཞེངས་ནས་རྒྱལ་གླུ་གཏོང་ལེན་གནང་བ་དང་། དེ་ནས་ཚོགས་ཆེན་ཐོག་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཡན་ཡུང་ཧོ་ཡིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ལས་ཀའི་སྙན་སེང་ཞུས་པ་རེད།
སྙན་སེང་ནང་ཕྱོགས་ལྔའི་ཐད་ནས2015ལོའི་སྲིད་གྲོས་ལས་ཀར་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་པ་རེད། སྙན་སེང་ནང་བསྟན་དོན། 2016ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་རིམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ཐོབ་ངེས་པ་དང་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྱོང་བྱེད་པའི་འགོ་ཚུགས་ལོ་ཡིན་ལ།སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་འགག་སྒྲོལ་གྱི་ལོ་ཡང་ཡིན་པ་རེད། གཅིག་ནི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་ཁོང་དུ་ཆུད་པ་བྱས་ཏེ་རྒྱུན་ཆད་མེད་པ་བསམ་བློའི་ཐུན་མོང་གི་ངོས་འཛིན་ཇེ་དྲག་ཏུ་གཏང་དགོས་པ་དང་། གཉིས་ནི་འཕེལ་རྒྱས་གཏོང་བའི་འདུ་ཤེས་ཆེན་པོ་ལྔ་བརྟན་པོར་བཅངས་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་དང་ལག་བསྟར་བྱ་རྒྱུར་རོགས་འདེགས་བྱེད་པ་དེ་འགན་ནུས་སྒྲུབ་སའི་གཙོ་ཕྱོགས་བྱ་དགོས། གསུམ་ནི་སྲིད་གྲོས་ཀྱི་མཐུན་རྐྱེན་གང་ལེགས་བཏོན་ཏེ་ཁྱོན་ཡོངས་ནས་གསར་སྐྲུན་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ཚོད་ལྟའི་ལས་ཀའི་འགག་གནད་སྒྲོལ་ཐུབ་པར་བྱ་དགོས། བཞི་ནི་དམངས་ལ་བརྩེ་སེམས་བཅངས་ཏེ་དབུལ་སྐྱོར་འགག་སྒྲོལ་བྱེད་པར་རོགས་འདེགས་རྒྱག་པ་དེ་འགན་འཁྲི་གལ་ཆེན་དུ་གཞག་དགོས། ལྔ་ནི་སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་འགན་ནུས་ཁུར་ཤུགས་ཇེ་དྲག་ཏུ་བཏང་ནས་ལས་རིགས་ཁག་གི་མི་སྣ་ཏང་དང་སྲིད་གཞུང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོར་བྱ་དགོས། དྲུག་ནི་ཅན་གསུམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་རེའི་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་དགོས། བདུན་ནི་ནན་གསུམ་རྣལ་གསུམ་ལག་ལེན་བྱས་ཏེ་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་ཤུགས་ཇེ་ཆེར་གཏང་དགོས།
ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གིས་བཀའ་མངགས་ལྟར་ཝང་ཀྲེན་རུང་གིས་ཚོགས་ཆེན་ལ་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞི་ལས་ཀ་བསྒྲུབས་ཚུལ་གྱི་སྙན་སེང་ཞུས་པ་རེད།
འབྲེལ་ཡོད་འགོ་ཁྲིད་གདན་ཞུ་ལྟར་འགོ་ཚུགས་ཚོགས་ཆེན་དུ་ཞུགས་པས་མ་ཚད་ཀྲུའུ་ཞིའི་སྟེགས་བུར་བཞུགས་པ་རེད། །