2015ལོ་འཁོར་གྱི་ཀྲུང་གོའི་གསར་འགྱུར་གྱི་ཁྲིམས་སྐྱོང་ཐད་ཤུགས་རྐྱེན་ཆེ་བའི་དོན་རྐྱེན་ཆེ་གྲས་བཅུ།
བོད་ལྗོངས་ཉིན་རེའི་ཚགས་པར་ནས་དྲངས། 2016-02-02
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་བ་དང་པོའི་ཚེས17ཉིན། “2015ལོ་འཁོར་གྱི་ཀྲུང་གོའི་གསར་འགྱུར་གྱི་ཁྲིམས་སྐྱོང་ཐད་ཤུགས་རྐྱེན་ཆེ་བའི་དོན་རྐྱེན་ཆེ་གྲས་བཅུའི”དཔྱད་འདེམས་འབྲས་བུ་པེ་ཅིན་དུ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་གསར་འགྱུར་ཀུན་སྤྱོད་ཨུ་ལྷན་བཙུགས་པ་དང་། “ཉེས་ཁྲིམས་དོན་ཚན་དགུ་པའི”བཟོ་བཅོས་འཆར་ཟིན་གྱིས་དྲ་བའི་ཆ་འཕྲིན་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་ཐེབས་པ། རྒྱལ་ཁབ་དྲ་བ་ཆ་འཕྲིན་གཞུང་དོན་ཁང་གིས་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་འཁྱོག་བཤད་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་མཁན་སྐད་འཕྲིན་སྤྱི་རྟགས་ཁག133བཀག་པ་སོགས2015ལོར་ཤུགས་རྐྱེན་ཚབས་ཆེན་ལྡན་པའི་དོན་རྐྱེན་ཁྱབ་བསྒྲགས་བྱས་པ་རེད།ཀྲུང་གོ་བྱ་སྤྱོད་ཁྲིམས་རིག་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས་བཞི་པའི་ཀྲུང་གོའི་གསར་འགྱུར་ཁྲིམས་ལུགས་འཛུགས་སྐྱོང་རིག་གཞུང་དབུ་ཚོགས་ཐོག་དཔྱད་འདེམས་འབྲས་བུ་དེ་ཁྱབ་བསྒྲགས་བྱས་ཤིང་། ཁྲིམས་སྐྱོང་དོན་རྐྱེན་བཅུ་དེ་དག་ནི། ཀྲུང་དབྱང་སྒྲིག་ཨུའི་དུད་སྣེ“ཐེར་འདོན་འདྲི་རྩད”ཅེས་པ་སྤེལ་ནས“སྤྱོད་ཚུལ་བཞིར”ངོ་རྒོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། སྐབས་གཉིས་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཐོག་དྲ་སྦྲེལ་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་གསར་འགྱུར་ཀུན་སྤྱོད་ཨུ་ལྷན་བཙུགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཉེས་ཁྲིམས་བཟོ་བཅོས་འཆར་ཟིན(དགུ)ལ་བརྟེན་ནས་དྲ་བའི་ཆ་འཕྲིན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ། རྒྱལ་ཁབ་དྲ་བ་ཆ་འཕྲིན་གཞུང་དོན་ཁང་གིས་ཁྲིམས་ལྟར་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་འཁྱོག་བཤད་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་མཁན་སྐད་འཕྲིན་སྤྱི་རྟགས་ཁག133བཀག་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི་བརྡ་ཁྱབ་བཅའ་ཁྲིམས་གྲོས་འཆམ་བྱས་ནས་དྲ་སྦྲེལ་བརྡ་ཁྱབ་དེ་ལྟ་སྐུལ་དོ་དམ་ཁོངས་གཏོགས་ནང་དངོས་སུ་བཅུག་པ། རྒྱལ་ཁབ་དྲ་བ་ཆ་འཕྲིན་གཞུང་དོན་ཁང་གིས“གྱོན་གོས་ཚད་རྒྱག་སའི་ནང་གི་ཚུལ་མིན་བརྙན་ལམ”དཔོད་ཁུག་དང་སྐད་འཕྲིན་ཐོག་བརྒྱུད་སྤེལ་བྱེད་མཁན་ཤིན་ལང་དང་ཐེང་ཤུན་གྱི་འགན་ཁུར་བའི་འགན་འཁྲི་བདའ་འདེད་བཏང་བ། 《ནོར་དཔལ》དུས་དེབ་ཁང་གི་ཝང་ཞའོ་ལུའུ་ཡིས་ཆ་འཕྲིན་རྫུན་བཟོ་བྱས་པའི་དོགས་པ་ཡོད་པར་བརྟེན་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ། མི་དམངས་དྲ་བའི་དེ་སྔའི་ཙུང་ཚའེ་ལེའོ་ཧུང་གིས་ལྐོག་རྔན་བླངས་པའི་དོགས་པ་ཡོད་པར་བརྟེན། ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་པ་དང་འབྲེལ་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ། འཛམ་གླིང་རྒྱས་སྤྲོས་དངོས་རྫས་མཐུན་ཚོགས་ཀྱིས་ལྷོ་ཕྱོགས་ཚགས་པར་ཚོགས་པ་དང་ཤིན་ཅིང་ཚགས་པར་ཁང་གི་མཚན་སྙན་དབང་ཆར་བཙན་གནོད་བྱས་པའི་གྱོད་གཞིར་རྒྱལ་ཁ་ཐོབ་པ་བཅས་ཡིན་པ་རེད།“གསར་འགྱུར་འཕྲིན་སྦྱོར་གྱིས་སྤྱི་ཚོགས་ལ་ལྟ་སྐུལ་བྱེད་དགོས་ལ། སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་ཡང་དང་ལེན་བྱ་དགོས། དེ་ནི་གཞུང་དྲང་དང་དྲང་བདེན་གྱི་མངོན་པ་ཞིག་ཡིན། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་གསར་འགྱུར་ཀུན་སྤྱོད་ཨུ་ལྷན་བཙུགས་པ་ནི་གསར་འགྱུར་ལས་དོན་པས་སྒྲིག་ཁྲིམས་དང་ཀུན་སྤྱོད་སྔོན་ལ་འཇོག་རྒྱུར་ཁྲིད་སྟོན་བྱ་རྒྱུ་དང་ཁྲིམས་ལུགས་སྐོར་གྱི་གནས་ཚུལ་སྤེལ་སྐབས་ལོ་རྒྱུས་ལ་སྣང་ཆེན་དང་། རིག་གནས་ལ་སྣང་ཆེན། ཚན་རིག་ལ་སྣང་ཆེན་བཅས་བྱས་ནས་ཁྲིམས་སྐྱོང་འདུ་ཤེས་དེ་མི་སེར་གྱིས་གོ་བདེ་ཤེས་སླའི་སྐད་ཡིག་ཐོག་ནས་བརྒྱུད་བསྒྲགས་བྱ་དགོས”ཅེས་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲའེ་ཧུའེ་ཧྲེང་གིས་དབུ་ཚོགས་ཐོག་དེ་ལྟར་བཤད།