ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་མ་དངུལ་སྒོར་དུང་ཕྱུར་ཆིག་སྟོང་བཏང་ནས་སྟོན་འབྲུ་ཉོ་སྒྲུབ་ལ་རྒྱབ་སྐྱོར་བྱས།

ཡ་མ་ལྷ་མོ་དང་བཀྲ་ཤིས་དོན་གྲུབ་གཉིས་ཀྱིས་བསྒྱུར།        2015-12-18

 ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ12པའི་ཚེས9ཉིན་འབྱོར་བའི་གཏམ་གསར། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་ནས་ཐོན་པའི་གནས་ཚུལ་ལྟར་ན། ད་ལོའི་སྟོན་འབྲུ་ཉོ་སྒྲུབ་ཀྱི་ལས་ཀ་ཕྱོགས་ཡོངས་ནས་མགོ་བརྩམས་པ་ནས་བཟུང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་བསྡོམས་འབོར་སྒོར་དུང་ཕྱུར1200ལྷག་གི་དངུལ་སྐྱེད་བཏང་སྟེ་སྟོན་འབྲུ་ཉོ་སྒྲུབ་ལ་མ་དངུལ་མཁོ་སྤྲད་བྱས། གོ་ཐོས་བྱུང་བར་ལྟར་ན། རང་རྒྱལ་གྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་སྟོན་ཆུང་དང་སྟོན་ཆེན་གྱི་ཆུ་འབྲས་དེ་ཚོང་རར་བརྟེན་ནས་ཕྱོགས་ཡོངས་སུ་ཉོ་སྒྲུབ་བྱེད་མགོ་བརྩམས་པ་དང་བསྟུན་ནས། མ་རྨོས་ལོ་ཏོག་གནས་སྐབས་གསོག་ཉར་དེའང་ཟླ11པའི་ཚེས1ཉིན་ནས་བྱང་ཤར་གྱི་ཞིང་ཆེན་བཞིའི་ས་ཁོངས་སུ་འགོ་བརྩམས་ལ། ད་ལོའི་འབྲུ་རིགས་ཉོ་སྒྲུབ་ཀྱི་མྱུར་ཚད་དེ་ན་ནིང་ལས་མགྱོགས། ཟླ་བ10པའི་ཚེས1ནས་ཟླ་བ11པའི་ཚེས་30ཉིན་བར། ཞིང་འཕེལ་དངུལ་ཁང་གིས་བསྡོམས་པའི་སྟོན་ཆུང་ཆུ་འབྲས། ཅིང་ཏའོ་ཆུ་འབྲས། མ་རྨོས་ལོ་ཏོག་དང་རྒྱ་སྲན་སོགས་སྟོན་འབྲུའི་སོན་སྣ་ཉོ་སྒྲུབ་ལ་དངུལ་བུན་སྒོར་དུང་ཕྱུར1226བཏང་ཞིང་སྔོན་དང་བསྡུར་ན་སྒོར་དུང་ཕྱུར456མང་བ་དང་། ཁེ་ལས་ཀྱིས་འབྲུ་རིགས་ཉོ་སྒྲུབ་རྒྱ་མ་དུང་ཕྱུར906རྒྱབ་སྐྱོར་བྱས་ཤིང་སྔོན་དང་བསྡུར་ན་རྒྱ་མ་དུང་ཕྱུར326ལྷག་མང་བར་ཉོ་སྒྲུབ་བྱས་ཡོད།
 རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་འགྲེམ་སྤེལ་བྱས་པའི་གཞི་གྲངས་ལ་གཞིགས་ན། ད་ལོ་རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི62143.5ལ་སླེབས་ཡོད། (རྒྱ་མ་དུང་ཕྱུར12428.7) 2014ལོ་དང་བསྡུར་ན་བརྒྱ་ཆ2.4འཕར་ནས་བསྟུད་མ་ལོ་བཅུ་གཉིས་ལ་ཐོན་ལེགས་འཕེལ་རྒྱས་མངོན་འགྱུར་བྱུང་ཡང་། རྒྱལ་ཁབ་ཕྱི་ནང་འབྲུ་རིགས་ཀྱི་རིན་གོང་གི་ཧེ་བག་རྒྱ་བསྐྱེད་དང་རྒྱལ་ནང་གི་འབྲུ་རིགས་གསོག་ཚད་ཆེ་བ་སོགས་ཀྱི་ཤུགས་རྐྱེན་འོག་ས་གནས་ཁ་ཤས་ལ་འབྲུ་རིགས་འཚོང་མི་ཐུབ་པའི་དཀའ་ངལ་བྱུང་བ་རེད།
 ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་དངུལ་སྐྱེད་བཏང་བའི་གནས་ཚུལ་ལས་སྲིད་ཇུས་རང་བཞིན་གྱི་གསོག་ཉར་བྱེད་པ་ནི་ཉེ་སྔོན་སྟོན་འབྲུ་ཉོ་སྒྲུབ་ཀྱི་སྟོབས་ཤུགས་གཙོ་བོ་ཡིན་ལ། ཁྲོམ་ར་རང་བཞིན་གྱི་ཉོ་སྒྲུབ་དངུལ་སྐྱེད་གཏོང་ཚད་བལྟོས་བཅས་མར་ཆག་པ་མཚོན་ཐུབ། ཟླ10པའི་ཚེས1ཉིན་ནས་ཟླ11པའི་ཚེས30ཉིན་བར། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སྲིད་ཇུས་རང་བཞིན་གྱི་ཉོ་སྒྲུབ་དངུལ་སྐྱེད་ཁྱོན་བསྡོམས་སྒོར་དུང་ཕྱུར1127ལྷག་བཏང་བ་དེ་དུས་མཉམ་ལས་འཕར་ཚད་ལྡབ་གཅིག་ལས་བརྒལ་བ་དང་། ཚོང་ར་རང་བཞིན་གྱི་ཉོ་སྒྲུབ་དངུལ་སྐྱེད་སྒོར་དུང་ཕྱུར98ལས་མེད་པས་བྲི་ཚད་ལྡབ6མར་ཆག་པ་རེད། 
  • ལེ་ཚན་སྔོན་མ།:ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱི་མི་འབོར་བྱེ་བ་གཅིག་དབུལ་སྐྱོར་གནས་སྤོ་བྱེད་གང་ཐུབ་བྱ་རྒྱུ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་ལོ་རེའི་འབྲུ་རིགས་ཐོན་ཚད་ཐེངས་དང་པོར་ཏུན་ཁྲི༡༠༠ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།