ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ12པའི་ཚེས13ཉིན་འབྱོར་བའི་གཏམ་གསར། བོད་རང་སྐྱོང་ལྗོངས་ཏང་ཨུའི་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་དགུ་པའི་ཐོག་རྒྱུས་ལོན་བྱུང་དོན། 2015ལོར་བོད་ལྗོངས་ཀྱི་ལོ་རེའི་འབྲུ་རིགས་ཐོན་ཚད་ཐོག་མར་ཏུན་ཁྲི100ལས་བརྒལ་ཏེ་ཏུན་ཁྲི101ལ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཀོད། དེའི་ནང་། ནས་ཀྱི་ཐོན་ཚད་ཧ་ལམ་ཏུན་ཁྲི70ལྷག་ཐོན་པས་བོད་ལྗོངས་ཀྱི་འབྲུ་རིགས་འདང་ཚད་ལ་འགན་ལེན་བྱས་པ་རེད།
བོད་ལྗོངས་ཞིང་ཕྱུགས་ཐིང་གི་ཐིང་ཀྲང་རྡོ་རྗེས་བཤད་དོན། 2015ལོར་བོད་ལྗོངས་ཀྱིས་འབྲུ་རིགས་འདེབས་པའི་ས་ཁྱོན་རྒྱ་བསྐྱེད་དང་སོན་བཟང་ཁྱབ་བརྡལ་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་འབྲུ་རིགས་ཀྱི་ཐོན་ཚད་འཕར་བའི་ལས་གཞི་ལག་བསྟར་སོགས་ཀྱི་བྱེད་ཐབས་སྤྱད་དེ། འབྲུ་རིགས་ཀྱི་ཐོན་འབབ་ལོ་རྒྱུས་ཀྱི་ཐོ་འགོད་ལས་བརྒལ། 2015ལོར། བོད་ལྗོངས་ཁུལ་ཡོངས་ཀྱི་འབྲུ་རིགས་འདེབས་པའི་ས་ཁྱོན་མུའུ་ཁྲི255ལས་བརྒལ་ཞིང་། དེའི་ནང་། ནས་འདེབས་པའི་ས་ཁྱོན་མུའུ་ཁྲི187ལས་བརྒལ་ཡོད། དེ་མིན། མུའུ་རེར་ཐོན་ཚད་སྤྱི་རྒྱ26.5ཡི་བོད་ནས2000རྟགས་ཅན་གསར་པ་ཁྱབ་བརྡལ་གཏོང་བའི་ས་ཁྱོན་མུའུ་ཁྲི76.9ལ་ཟིན་པས། ནས་ཀྱི་ཐོན་ཚད་བརྟན་པོའི་སྒོ་ནས་འཕར་སྣོན་འབྱུང་བར་འགན་ལེན་བྱས།
བོད་ལྗོངས་ཀྱིས་ད་དུང་མུ་མཐུད་ནས་ཞིང་པ་སྟོབས་ལྡན་དང་ཞིང་པར་ཕན་པ། ཞིང་པ་ཕྱུག་པོར་གཏོང་བའི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེར་བཏང་བ་དང་། ཞིང་པས་ལོ་ཏོག་འདེབས་འཛུགས་བྱེད་པའི་ཧུར་བརྩོན་ཆེ་རུ་བཏང་ཡོད། 2013ལོར། བོད་ལྗོངས་ཀྱིས་ནས་རྨོས་པའི་ཁ་གསབ་དངུལ་ཚད་དེ་སྔར་གྱི་མུའུ་རེ་ལ་སྒོར15ནས་མུའུ་རེ་ལ་སྒོར20ལ་སྤར་ཡོད། ལོ་ཏོག་འདེབས་པའི་ཞིང་པར་མུའུ་རེར་ཐད་ཀར་ཁ་གསབ་སྒོར15ནས་མུའུ་རེ་ལ་སྒོར30སྤར། ཞིང་སྤྱོད་དངོས་པོའི་ཕྱོགས་བསྡུས་ཁ་གསབ་སྒོར་མོ་དེ2011ལོའི་སྒོར15ནསམུའུ་རེ་ལ་སྒོར27.87སྤར་ཡོད།
བོད་ལྗོངས་ཀྱིས་མུ་མཐུད་ནས་ལོ་ཏོག་ཡག་པོ་འདེབས་པའི་རྒྱ་ཁྱོན་ཆེ་རུ་གཏང་རྒྱུ་དང་། མུ་མཐུད་ནས་ཞིང་འབྲོག་ལས་རིགས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་མཐོར་འདེགས་གཏང་དགོས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཁྲོད་འབྲུ་རིགས་ཐོན་འབོར་དེ་ཏུན་ཁྲི100ཡན་དང་། ནས་ཀྱི་ཐོན་འབོར་དེ་ཏུན་ཁྲི70ཡན་རྒྱུན་འཁྱོངས་བྱ་རྒྱུ་འགན་ལེན་བྱས་ནས། ཞིང་འབྲོག་ལས་རིགས་ཐོན་ལས་ཅན་གྱི་བདག་གཉེར་བྱེད་ཚད་བརྒྱ་ཆ50ཡན་ཟིན་ཏེ། ཞིང་ཕྱུགས་ཀྱི་ཐོན་སྐྱེད་གཙོ་བོ་མཁོ་སྤྲོད་བྱེད་པར་འགན་སྲུང་བྱས་ནས་ཞིང་འབྲོག་པའི་ཡོང་འབབ་ཇེ་མང་དུ་གཏང་དགོས། 2014ལོར། བོད་ལྗོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་དབང་ཡོད་པའི་སྒོར7471ལ་ཟིན་པས་བརྒྱ་ཆ14འཕར་བ་རེད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཞིང་པར་རྒྱབ་སྐྱོར་དང་ཕན་པའི་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོ་དང་ནས་སོགས་ཀྱི་འབྲུ་རིགས་སྣ་ཁ་གསར་པ་རྨོ་འདེབས་བྱེད་པ་དང་དུས་མཚུངས་སུ་ཚད་གཞི་མཐོན་པོའི་ས་ཞིང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། འབྲུ་རིགས་ཐོན་འབོར་བརྟན་པོའི་ངང་རྒྱུན་འཁྱོངས་བྱས་ནས་གཞི་རྩའི་ཐོག་ནས་འབྲུ་རིགས་རང་མཁོ་རང་སྤྲོད་ཐུབ་པ་མངོན་འགྱུར་བྱུང་བར་འགན་ལེན་བྱ་དགོས།