འབྲི་ཆུའི་འབབ་རྒྱུད་སོ་བ་ནང་ཆུ་གློག་ས་ཚུགས་ལ་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་དཔྱད་ཞིབ་དང་ཆོག་མཆན་ཐོབ།

དབྱངས་ཅན་གྱིས་བསྒྱུར།        2015-12-10

སྨྱུག་འཛིན་པས་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་དོན། ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་སོ་བ་ནང་ཆུ་གློག་ས་ཚུགས་འཛུགས་སྐྲུན་བྱ་རྒྱུར་དངོས་སུ་ཞིབ་དཔྱད་ཆོག་མཆན་གནང་བ་རེད།
 སོ་བ་ནང་ཆུ་གློག་ས་ཚུགས་དེ་འབའ་ཐང་རྫོང་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་འབྲེལ་མཚམས་ཀྱི་འབྲི་ཆུའི་གཞུང་རྒྱུན་དུ་ཆགས་ཡོད། གློག་འདོན་ས་ཚུགས་དེ་འབྲི་ཆུའི་སྟོད་རྒྱུད་དུ་ཆུ་མཛོད་གཅིག་དང་རིམ་པ་བཅུ་གསུམ་གྱི་གསར་སྦོལ་འཆར་འགོད་བྱས་པའི་རིམ་པ10པའི་གློག་འདོན་ས་ཚུགས་ཡིན་ལ། འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི120ཡིན་ཞིང་། ལོ་རེར་གློག་འདོན་ཚད་ཆུ་ཚོད1རེར་སྟོང་ཝ་དུང་ཕྱུར54.26ཡིན། སྣུམ་སྙིགས་ཨར་འདམ་བསྲེས་མ་ལས་གྲུབ་པའི་རྡོ་བརྩིགས་ཆུ་རགས་ཆེས་ཆེ་ཤོས་ལ་མཐོ་ཚད་སྨི112ཡོད་པས། ཉིན་རེའི་སྙོམ་སྒྲིག་བྱེད་ནུས་ལྡན་ཞིང་སྤྱིའི་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར178.9ཡིན་པ་རེད། ཧྭ་ནེང་གློག་ཤུགས་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྦོལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་འཛུགས་སྐྲུན་བྱེད་འགན་ཁུར་པ་རེད།
 འཕྲུལ་འཁོར་ཚན་པ་དང་པོ་དེས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འགོར་གློག་འདོན་འགོ་ཚུགས་ཐུབ་པ་དང་། ལས་གཞི་དེ་ཀྲུང་དབྱང་གི་ཐེངས་ལྔ་པའི་བོད་ལྗོངས་ལས་ཀའི་བཞུགས་མོལ་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་ལོ་ལྔ་ཡི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་པའི་གལ་ཆེའི་ལས་གཞི་ཡིན་ལ་བོད་ཁུལ་གྱི་གློག་ཕྱི་ཡུལ་དུ་བསྐྱལ་བའི་ལས་གཞི་དང་པོའང་ཡིན། དེའི་སྔོན་རྒྱལ་ཁབ་ཀྱིས་ད་ལོའི་འཛུགས་སྐྲུན་བྱེད་འགོ་འཛུགས་པར་འཆར་གཞི་བཞག་པའི་ལྷོ་ནུབ་ཆུ་གློག་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ལས་གྲྭ་གལ་ཆེན་ནང་འཇོག་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་གློག་འདོན་ས་ཚུགས་འཛུགས་སྐྲུན་བྱེད་སྐབས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གནས་སྤོ་ཡུལ་མི་བཀོད་སྒྲིག་གི་ལས་ཀར་མཐོང་ཆེན་བྱས་ནས། ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་གནས་སྤོ་ཡུལ་མི་བཀོད་སྒྲིག་བྱེད་པའི་བྱེད་ཐབས་གཏན་འབེབས་བྱས་ནས་གནས་སྤོ་ཡུལ་མིའི་ཡོང་འབབ་འཕར་སྣོན་ཡོང་ཐབས་བྱེད་གང་ཐུབ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།།
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་གནས་ཁག་གིས་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་གྲོས་ཚོགས་དང་ཁུལ་ཨུའི་རྒྱུན་ཨུའི་རྒྱས་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་བསྟར་ནན་པོ་བྱས།
  • ལེ་ཚན་རྗེས་མ།:ས་ཞིང་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་འཇོག་བྱེད་པའི་ཐབས་ཇུས་ལག་བསྟར་བྱས།
  • དོ་སྣང་ཆེ་བའི་རྩོམ།