ས་ཞིང་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་འཇོག་བྱེད་པའི་ཐབས་ཇུས་ལག་བསྟར་བྱས།

མིག་དམར་གྱིས་བསྒྱུར།        2015-12-11

 ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གྲོས་གཞིའི་ནང་བསྟན་དོན། ཆེས་ནན་པོའི་རྨོ་ཞིང་སྲུང་སྐྱོབ་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་རྨོ་ཞིང་གི་ཐིག་ཚད་དམར་པོ་བརྟན་སྲུང་བྱ་དགོས་ཤིང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ས་ཞིང་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་འཇོག་བྱེད་པའི་ཐབས་ཇུས་ལག་བསྟར་བྱས་ཏེ་འབྲུ་རིགས་ཀྱི་ཐོན་ནུས་མཐོ་རུ་བཏང་སྟེ། འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་ཐུབ་པ་དང་ཟ་འབྲུ་ཉེན་མེད་ཡིན་པ་འགན་ལེན་བྱ་དགོས།
 ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གྲོས་གཞིའི་ནང་བསྟན་དོན། ཁྱོན་ཡོངས་ནས་ཡུན་རིང་གི་གཞི་རྩའི་རྨོ་ཞིང་གཏན་འཁེལ་བྱས་ནས་གཞི་རྒྱ་ཆེ་བའི་སྒོ་ནས་ཞིང་ཁའི་ཆུ་བེད་དང་ས་ཞིང་བཅོས་སྒྲིག ཐོན་ཚད་དམའ་འབྲིང་གི་ཞིང་ཁ་སྒྱུར་བཀོད་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏང་དགོས། འབྲུ་རིགས་སོགས་ཐོན་འབོར་ཆེ་བའི་ཞིང་ལས་ཐོན་རྫས་ཀྱི་གཙོ་བོའི་ཐོན་ཁུལ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་འབྲུ་རིགས་ཐོན་སྐྱེད་ཀྱི་ཕན་ནུས་ས་ཁུལ་དང་གལ་ཆེ་བའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་པའི་སྲུང་སྐྱོང་ས་ཁུལ་འཛུགས་པར་འཚོལ་ཞིབ་བྱ་དགོས། ཞིང་ལས་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་དུ་ཡོང་བར་སྐུལ་འདེད་གཏང་དགོས། ཞིང་ཁ་ནས་ལྕོག་ཙེའི་སྟེང་གི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ལ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུའི་མ་ལག་དང་དེང་རབས་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་ཁྱབ་གདལ་གཏོང་བའི་མ་ལག ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་བཅས་འཐུས་ཚང་དུ་གཏང་དགོས། དེང་རབས་ཀྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་ནས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏང་དགོས།
 མིག་སྔར། རང་རྒྱལ་གྱི་ཐོན་ཚད་དམའ་འབྲིང་གི་ཞིང་ཁ་དེས་རྨོ་ཞིང་རྒྱ་ཁྱོན་ཧྲིལ་པོའི་གསུམ་ཆ་གཉིས་ལ་ཟིན་ཞིང་། ཕན་ནུས་ལྡན་པའི་སྒོས་ཞིང་ཆུ་འདྲེན་ཐུབ་པའི་ས་ཞིང་གི་རྒྱ་ཁྱོན་དེ་རྨོ་ཞིང་རྒྱ་ཁྱོན་ཧྲིལ་པོའི་ཕྱེད་ཀ་ལྷག་ཙམ་ལས་ཟིན་མེད། གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བའི་གནས་ཚུལ་སྔར་བཞིན་རྩ་བ་ནས་བསྒྱུར་ཐུབ་མེད། དེ་མིན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཞིང་ལས་ཚན་རྩལ་གྱིས་འབྲུ་རིགས་ཀྱི་ཐོན་ཚད་འཕར་བར་བྱས་རྗེས་བཞག་ཚད་དེ་ལོ་རེ་བཞིན་མཐོ་རུ་ཕྱིན་ཞིང་། མིག་སྔར། ཞིང་ལས་ཚན་རྩལ་ཡར་ཐོན་ཡོང་བར་བྱས་རྗེས་བཞག་ཚད་བརྒྱ་ཆ56ལ་ཟིན་པས་ལོ10ཡི་སྔོན་དང་བསྡུར་ན་བརྒྱ་ཆའི་གྲངས10མཐོ་རུ་འཕར་ཡོད་མོད། ཡིན་ནའང་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ན་ད་དུང་ཁྱད་པར་ཆེན་པོ་ཡོད་པ་རེད།།
  • ལེ་ཚན་སྔོན་མ།:འབྲི་ཆུའི་འབབ་རྒྱུད་སོ་བ་ནང་ཆུ་གློག་ས་ཚུགས་ལ་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་དཔྱད་ཞིབ་དང་ཆོག་མཆན་ཐོབ།
  • ལེ་ཚན་རྗེས་མ།:༢༠༡༥ལོར་ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་འཕྲུལ་ཆས་ཀྱི་འགྲེམ་སྟོན་ཚོགས་འདུ་འཚོག་འགོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།