ན་ནིང་ཟླ་བ11པའི་ཚེས22ཉིན་དར་མདོ་ས་ཁུལ་དུ་ས་འགུལ་རིམ་པ6.3བྱུང་ནས་དར་མདོ་གྲོང་ཁྱེར་གྱི་ས་གནས་ཁག་ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་པ་དང་དར་མདོ་གྲོང་ཁུལ་གྱི་ཡུལ་མི་ཁྲི་ལ་ཉེ་བ་ཞིག་གི་སྡོད་ཁང་ལ་གཏོར་བཤིག་ཐེབས་ཡོད། ལོ་གཅིག་ལ་དར་མདོ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་སྤྱོད་དེ་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀ་དང་གྲོང་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན། གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བཀོད་བཅས་ཟུང་འབྲེལ་བྱས་ནས་ཛ་དྲག་ཆེ་ཞིང་གོ་རིམ་ཡོད་པའི་སྒོ་ནས་སྤེལ་དང་སྤེལ་བཞིན་ཡོད།
གྲོང་མི་ཚོའི་སྡོད་ཁང་ཇེ་བརྟན་དུ་བཏང་ནས་བློ་བདེ་མོས་འཚོ་བར་རོལ་ཐུབ་པར་ཁག་ཐེག་བྱེད།
ཟླ་བ11པའི་ཚེས18ཉིན་གསར་འགོད་པས་དར་མདོ་གྲོང་ཁྱེར་གྱི་བྱང་ཕྱོགས་དང་འཛུགས་སྐྲུན་ལམ་སོགས་ལ་བཟོ་སྐྲུན་པ་ཚོས་ཛ་དྲག་ཆེན་པོས་ས་འགུལ་ནང་གས་སྲུབས་སོང་བའི་སྡོད་ཁང་ཇེ་བརྟན་དུ་གཏོང་བའི་ལས་ཀ་སྤེལ་བཞིན་ཡོད་པ་མཐོང་བྱུང་། ཨར་པོ་ལས་གཞི་ལག་བསྟར་འགོ་འཛིན་མོང་ཧྲུའུ་ཆོན་གྱིས་གསར་འགོད་པར་བཤད་པར་གཞིགས་ན། ས་འགུལ་བྱུང་ནས་གས་སྲུབས་སོང་བའི་སྡོད་ཁང་སྲ་བརྟན་དུ་གཏོང་བའི་ཉམས་གསོའི་ལས་ཀ་དང་རྣམ་པ་བཟོ་བཀོད་ལས་ཀ་དེ་ཧ་ལམ་གྲུབ་པ་དང་ལས་གཞི་འདི་ཟླ་བ12པའི་ཚེས30ནང་ཚུན་འགྲུབ་རྒྱུ་རེད།
མཛའ་གཞས་ཐང་ཆེན་ཟུར་གྱི་ཐུར་འཛེར་ཤ་བསྲེགས་ཁྲོམ་རར་ཤིང་ཆ་མང་པོ་བཞག་པ་དང་ཨར་ལས་པ་ཚོས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་བཟོ་སྐྲུན་བྱེད་བཞིན་འདུག བཟོ་ལས་པ་ཀྲང་སུའུ་ཆོན་གྱིས་འདི་གར་གཙོ་བོར་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྣམ་པ་བསྒྱུར་བཀོད་དང་ཁྲོམ་ལམ་བཟོ་བཅོས་བྱེད་བཞིན་ཡོད་ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན། དར་མདོ་གྲོང་ཁྱེར་གྱི་ཞིང་པའི་དུད་ཚང564ཡི་སྡོད་ཁང་བསྐྱར་འཛུགས་ཀྱི་ལས་ཀ་གྲུབ་ཚར་བ་དང་ད་ལྟར་ཞིང་པའི་དུད་ཚང440ཡི་སྡོད་ཁང་བསྐྱར་འཛུགས་བྱེད་བཞིན་ཡོད། གཞན་ཡང་ཞིང་པའི་དུད་ཚང6388ཀྱི་སྡོད་ཁང་སྲ་བརྟན་དུ་གཏོང་བའི་བཟོ་སྐྲུན་ལས་ཀ་གྲུབ་ཚར། མིག་སྔར་ཞིང་པའི་དུད་ཚང2302ཀྱི་ཁང་པ་ཇེ་བརྟན་དུ་གཏོང་བའི་བཟོ་སྐྲུན་དང་གྲོང་ཁྱེར་གྲོང་ཁུལ་གྱི་དུད་ཚང549ཡི་སྡོད་ཁང་བསྐྱར་འཛུགས་བྱེད་བཞིན་ཡོད་པ་རེད།
ཧུར་ཐག་གིས་གཞུང་ལམ་བཟོ་སྐྲུན་བྱས་ནས་གྲོང་ཁུལ་དུ་བདེ་བགྲོད་ཐུབ་པར་ཁག་ཐེག་བྱེད།
གསར་འགོད་པས་དར་མདོ་གྲོང་ཁྱེར་གྱི་དམག་དཔོན་ཟམ་པ་ནས་གངས་ཆུ་ཟམ་པའི་བར་གྱི་གཞུང་ལམ་དུ་ཧྭ་ཞི་བཟོ་སྐྲུན་ཚོགས་པས་གཞུང་ལམ་གྱི་སྤུས་ཚད་ལ་ལྟ་ཞིབ་བྱེད་བཞིན་ཡོད་པ་མཐོང་། ལས་བཟོ་པས་ཞིབ་དཔྱད་ཚད་ལེན་བྱེད་ཞོར་གསར་འགོད་པར་དམག་དཔོན་ཟམ་པ་ནས་གངས་ཆུ་ཟམ་པའི་བར་གྱི་གཞུང་ལམ་བཟོ་བཅོས་ཀྱི་ལས་ཀ་ཧ་ལམ་བསྒྲུབས་ཚར་བ་རེད། ད་ལྟ་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་པའི་དུས་རིམ་དུ་སླེབས་པས། སྤུས་ཚད་ཚད་གཞིར་མི་སླེབས་སར་ཡང་བསྐྱར་བཟོ་བཅོས་བྱེད་དུ་གཞུག་རྒྱུ་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་གྲོང་ཁུལ་གྱི་དམག་དཔོན་ཟམ་པ་ནས་གངས་ཆུ་ཟམ་པའི་བར་གྱི་གཞུང་ལམ་དང་གངས་ཆུ་ཟམ་པ་ནས་དར་མདོའི་སློབ་འབྲིང་བར་གྱི་གྲོང་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་ལས་ཀ་ཁྱོན་ཡོངས་སུ་བསྒྲུབས་ཚར་ནས་རླངས་འཁོར་ཤར་གཏོང་ཐུབ་ལ་རྒྱལ་སྲུང་གཞུང་ལམ318པའི་དར་མདོ་གྲོང་ཁྱེར་མི་ཉག་ལྟག་སྒོ་ཕྱོགས་ཀྱི་གཞུང་ལམ་དུམ་བུའི་བཟོ་བཅོས་ཨར་ལས་དེ་ཟླ་འདིའི་ནང་ཚུན་ཁྱོན་ཡོངས་ནས་འགྲུབ་པར་བྱ་རྒྱུ་རེད།
གངས་ཆུ་ཟམ་པའི་འདུས་སྡེའི་ཡུལ་མི་ཆུབ་སུའུ་ཧྭ་ཡིས་དེ་སྔོན་ལ་མི་ཉག་ལྟག་སྒོ་ཕྱོགས་ཀྱི་གཞུང་ལམ་དུ་རླངས་འཁོར་འཚངས་ནས་འགྲིམ་འགྲུལ་ཧ་ཅང་མི་བདེ་བས། འགྲོ་ཡོང་བྱེད་མཁན་ལ་དཀའ་ངལ་ཆེན་པོ་བཟོས་ཀྱང་།ད་ལྟར་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་ལག་བསྟར་ཁྲོད་གཞུང་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་བཟོ་བཅོས་བྱས་པས་འགྲོ་འོང་སྟབས་བདེ་མོ་རེད། ལམ་ལས་པའི་སྐབས་སུ་ང་ཚོར་ཅུང་སྟབས་མི་བདེ་བ་བྱུང་ཡང་འདི་ནི་མི་སེར་ལ་ཕན་པའི་བྱ་བ་བཟང་པོ་ཡིན་པས་ང་ཚོ་ཚང་མར་འཁང་ར་ཅི་ཡང་མེད། དར་མདོ་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་ཞིག་ལ་འགྱུར་ཐུབ་པ་ནི་ང་ཚོའི་རེ་བ་ཡིན་ཞེས་བཤད། མིག་སྔར་དར་མདོ་གྲོང་ཁྱེར་གྱི་གཞུང་ལམ་བསྐྱར་འཛུགས་ལས་ཀ་དེ་དུས་ཚོད་བགོས་ནས་གོ་རིམ་ཡོད་པའི་ངང་སྤེལ་བཞིན་འདུག
དེར་བརྟེན་དར་མདོ་གྲོང་ཁུལ་གྱི་རྣམ་པ་བསྒྱུར་བཀོད་ཀྱི་ལས་ཀ་དང་གཞུང་ལམ་བཟོ་བཅོས་རིམ་སྤར་གྱི་ལས་ཀ་གྲུབ་རྗེས་དར་མདོ་གྲོང་ཁྱེར་གྱི་གཞུང་ལམ་དེ་བས་བདེ་ལ་རྣམ་པ་མཛེས་ཤིང་སྡུག་པར་འགྱུར་ངེས་རེད།།