ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ11ཚེས་3ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། 2015ལོའི་ཟླ10ཚེས29ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》གོང་ཚེས་ཉིན་ཡོངས་བསྒྲགས་པར་འགྲེམས་བྱས་པ་རེད།
《གྲོས་འགོའི》ནང་དོན་གནད་བསྡུས་གཤམ་གསལ།
2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་ནི་རང་རེའི་ཏང་གིས་གཏན་ལ་ཕབ་པའི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་ཡིན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དེ་ངེས་པར་དུ་འབད་འཐབ་དམིགས་ཚད་དེ་མངོན་འགྱུར་བྱ་རྒྱུར་དམིགས་ནས་བཟོ་དགོས།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ནས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་ཆ་རྐྱེན་གང་ལེགས་འཛོམས་ཡོད་ལ་དཀའ་ཚེགས་ཆེ་བའི་ལས་འགན་ཡང་འཕྲད་རྒྱུ་ཡིན་པས་ངེས་པར་དུ་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་བཏིང་པའི་རྨང་གཞི་བརྟན་པོའི་ཐོག་ཡིད་ཆེས་བརྟན་དུ་གཏོང་བ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། སྙིང་སྟོབས་ཆེར་སྐྱེད་ཀྱིས་མདུན་ལམ་གཏོད་པ་བཅས་བྱེད་དགོས་པའི་ངོས་འཛིན་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཞིབ་འཇུག་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་རྒྱུའི་སྐོར་གཤམ་གསལ་གྱི་གྲོས་འགོ་བཏོན་ཡོད།
གཅིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་དུས་བབ་དང་མཛུབ་ཁྲིད་བསམ་བློ།
(གཅིག)“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་རྒྱལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ནི་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སྙིང་རུས་ཆེན་པོས་བརྩོན་ལེན་དང་གསར་འབྱེད་གསར་གཏོད་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་སྟོབས་ཤུགས་ཆེར་བསྐྱེད་ཀྱིས་བཏོད་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ་དང་། ལག་ལེན་བྱེད་ཕོད་པ་དང་གསར་གཏོད་བྱེད་མཁས་པ། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་ཚད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་ཆགས་ནས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་སུ་གཏོང་ཆེད་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།
(གཉིས)“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཁོར་ཡུག་གི་གཞི་རྩའི་ཁྱད་ཆོས། ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པ་དེར་འགྱུར་ལྡོག་བཏང་མེད་པ་དང་། འཛམ་གླིང་སྣེ་མང་ཅན་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན། རིག་གནས་སྣ་མང་ཅན། སྤྱི་ཚོགས་ཆ་འཕྲིན་ཅན་བཅས་འཕེལ་རྒྱས་གཏིང་ཟབ་བྱུང་བ། འཛམ་གླིང་གི་དཔལ་འབྱོར་དེ་ལེགས་སྒྲིག་གཏིང་ཟབ་བྱེད་པའི་ཁྲོད་དུ་ཀྱག་ཀྱོག་ངང་སླར་གསོ་བྱུང་བ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་དེ་ནུས་གསོག་ཧོབ་ཐོན་བྱ་རྒྱུ་སྒུག་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་འཕོ་འགྱུར་གཏིང་ཟབ་བྱུང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚོགས་པའི་སྟོབས་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་བ་དེ་རིམ་བཞིན་དོ་སྙོམས་སུ་འགྲོ་བ་བཅས་རེད།
(གསུམ)“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མར་ཁེ་སི་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་བཅས་ཀྱི་འཐབ་ཇུས་བཀོད་ཇུས་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ནི་གལ་ཆེའི་ལས་འགན་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ལྟེ་བར་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ཁྲིད་སྟོན་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་དང་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ཆགས་པ་བྱེད་པ། འཐབ་ཇུས་ཀྱི་ཚུགས་ཤུགས་རྒྱུན་འཁྱོངས་བྱེད་པ། བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དུས་བཀག་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་དེ་བས་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས།
དུས་བཀག་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་ལ་བརྩི་སྲུང་བྱེད་དགོས།
——མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱེད་དགོས། མི་དམངས་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྟོབས་ཤུགས་ཤིག་ཡིན་པས་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་བྱེད་པ་དང་། སྲུང་སྐྱོང་ཡག་པོ་བྱེད་པ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ཡིན།
ངེས་པར་དུ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་དང་། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་སྲུང་སྐྱོང་བྱེད་པ། མི་དམངས་དྲང་གཞག་ངང་ཞུགས་པ་དང་དྲང་གཞག་ངང་དབང་ཆ་འཕེལ་རྒྱས་གཏོང་རྒྱུ་འགན་སྲུང་བཅས་བྱས་ཏེ་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་དགོས།
—— ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་གཏོང་རྒྱུ་དེ་ནི་དོན་དམ་པ་ཡིན་པ་དང་འཕེལ་རྒྱས་དེ་ངེས་པར་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡིན་དགོས། རང་རྒྱལ་འདི་ཉིད་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་གནས་པ་དང་འབྲེལ་ཡུན་རིང་གནས་རྒྱུ་ཡིན་པས་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་མེད་པ་དེ་ནི་འཕེལ་རྒྱས་དོན་གཉེར་བྱེད་པའི་གཞི་རྩའི་གཞི་འཛིན་ས་ཞིག་ཡིན། ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དོན་དངོས་དང་བསྟུན་པ། འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་པ་སྟངས་འཛིན་བྱེད་པ། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་དེ་བས་མཐོ་བའི་སྤུས་ཚད་དང་། དེ་བས་ཆེ་བའི་ཕན་ནུས། དེ་བས་གཞུང་དྲང་། དེ་བས་རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས།
—— སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། སྒྱུར་བཅོས་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཡིན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་གཞིར་བཟུང་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པའི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་གཙོ་གནད་དུ་བྱེད་པ། ཕྱོགས་ཁག་གི་སྒྲིག་སྲོལ་ལམ་སྲོལ་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་མི་ཕན་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མེད་པ་བཟོ་བ་བཅས་བྱས་ནས་འཕེལ་རྒྱས་ལ་རྒྱུན་མཐུད་སྒུལ་ཤུགས་བསྣན་དགོས།
—— ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་ནི་འཕེལ་རྒྱས་ཀྱི་བློས་འགེལ་འགན་སྲུང་ཞིག་ཡིན། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལམ་བུའི་ཐོག་སྐྱོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་བསྐྲུན་མགྱོགས་སུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་སྐྲུན་པ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་འཛིན་ནན་ཏན། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱི་ཁྲིམས་སྲུང་བཅས་ལ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་དཔལ་འབྱོར་དང་ཁྲིམས་སྐྱོང་སྤྱི་ཚོགས་བསྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ཁྲིམས་སྐྱོང་ལམ་བུའི་ཐོག་འཇོག་དགོས།
—— རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེ་ནི་འཕེལ་རྒྱས་ཀྱི་ལྡོག་མེད་བླང་བྱ་ཞིག་ཡིན། ངེས་པར་དུ་རྒྱལ་སྒོ་ཕྱེ་ནས་དཔལ་འབྱོར་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་སྟེ། རྒྱལ་ནང་ལ་གཞི་འཛུགས་པ་དང་། རང་རྒྱལ་གྱི་ཐོན་ཁུངས་དང་། ཁྲོམ་ར། ལམ་ལུགས་སོགས་ལེགས་ཆ་གང་ལེགས་སྤྱོད་པ། རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་སྒུལ་ཕན་ནུས་ལ་སྣང་ཆེན་བྱེད་པ། ཕྱི་རོལ་ཁོར་ཡུག་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ། ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་དེ་བས་ལེགས་པའི་ངང་སྤྱོད་པ་བཅས་བྱས་ཏེ་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
—— ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་རྩ་བའི་ཆབ་སྲིད་ཀྱི་་འགན་ལེན་ཞིག་ཡིན། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་ལག་བསྟར་བྱེད་པ་དང་། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཏང་གི་སྲིད་འཛིན་ནུས་པ་དང་སྲིད་འཛིན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་རང་རྒྱལ་འཕེལ་རྒྱས་ཀྱི་དུས་གཏན་སྐྱེལ་འདྲེན་གྲུ་གཟིངས་དེ་གྲུ་ལམ་ཡང་དག་བརྒྱུད་དེ་རླབས་གཤག་མདུན་སྐྱོད་ཡོང་བའི་འགན་ལེན་བྱེད་དགོས། གཉིས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་གཞི་རྩའི་འདུ་ཤེས།
(གཅིག) ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དམིགས་ཚད་བླང་བྱ། ཏང་གི་ཚོགས་ཆེན་བཅུ་དྲུག་པའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འབད་འཐབ་དམིགས་ཚད་བཏོན་པ་ནས་བཟུང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མུ་མཐུད་འབད་འཐབ་བྱས་པས་བྱ་གཞག་ཁག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། སླད་ཕྱིན་ལོ་ལྔའི་ནང་གཏན་འཁེལ་བྱས་ཟིན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དམིགས་ཚད་བླང་བྱའི་རྨང་གཞིའི་ཐོག་གཤམ་གསལ་གྱི་དམིགས་ཚད་བླང་བྱ་གསར་པ་མངོན་འགྱུར་ཧུར་ཐག་བྱེད་དགོས། —— དཔལ་འབྱོར་མྱུར་ཚད་འབྲིང་སྟོད་ངང་འཕར་རྒྱུ་མཐའ་འཁྱོངས་བྱེད་དགོས།
—— མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་ཡོངས་ཁྱབ་མཐོ་རུ་གཏོང་དགོས།
—— རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཤེས་དཔལ་གྱི་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་གཏོང་དགོས།
—— སྣོད་བཅུད་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ནས་ལེགས་སུ་གཏོང་དགོས།
—— ཕྱོགས་ཁག་གི་ལམ་ལུགས་དེ་བས་ཚགས་ཚུད་དང་དེ་བས་གཏན་འཁེལ་ཡོང་བ་བྱེད་དགོས།
(གཉིས)འཕེལ་རྒྱས་ཀྱི་འདུ་ཤེས་འཐུས་ཚང་དུ་གཏོང་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་དང་། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། འཕེལ་རྒྱས་ཀྱི་ལེགས་ཆ་ཆེ་རུ་གཏོང་བ་བཅས་བྱེད་པར་ངེས་པར་དུ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་དགོས།
གསར་གཏོད་ནི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་པ་དང་། མཐུན་སྦྱོར་ནི་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡིན་པ། ལྗང་མདོག་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དགོས་ངེས་ཆ་རྐྱེན་དང་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་མངོན་ཚུལ་གལ་ཆེན་ཞིག་ཡིན་པ། སྒོ་དབྱེ་ནི་རྒྱལ་ཁབ་དར་རྒྱས་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ། མཉམ་སྤྱོད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཞིག་ཡིན་པ་བཅས་རེད།
གསུམ། གསར་གཏོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས།
རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་འགྲན་རྩོད་ཉིན་བཞིན་ཛ་དྲག་ཏུ་འགྲོ་བ་དང་རང་རྒྱལ་གྱི་འཕེལ་རྒྱས་སྒུལ་ཤུགས་བསྒྱུར་བའི་དུས་བབ་འོག་ངེས་པར་དུ་འཕེལ་རྒྱས་ཀྱི་གཞི་གནས་དེ་གསར་གཏོད་ཐོག་བཞག་ནས་གསར་གཏོད་ལ་སྐུལ་མ་གཏོང་བའི་སྒྲིག་སྲོལ་གྱི་སྒྲོམ་གཞི་ཞིག་ཆགས་པ་བྱེད་པ་དང་གསར་གཏོད་སྐུལ་འདེད་ལ་དེ་བས་མང་བ་བརྟེན་པ་དང་སྔོན་སྤེལ་གྱི་ལེགས་ཆ་དེ་བས་མང་བ་འདོན་སྤེལ་བྱེད་པའི་སྣེ་ཁྲིད་རྣམ་པའི་འཕེལ་རྒྱས་གཏོད་དགོས།
(གཅིག)འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་དགོས་པ་དང་། (གཉིས)འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་དགོས་པ། (གསུམ) གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས་པ། (བཞི) ཞིང་ལས་དེང་རབས་ཅན་ལ་སྐུལ་མ་ཤུགས་ཆེན་གཏོང་དགོས་པ། (ལྔ)ཐོན་ལས་ཀྱི་མ་ལག་གསར་པ་འཛུགས་དགོས་པ། (དྲུག) འཕེལ་རྒྱས་ཀྱི་སྒྲིག་སྲོལ་གསར་པ་འཛུགས་དགོས་པ། (བདུན) སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་སྟངས་གསར་གཏོད་དང་འཐུས་ཚང་དུ་གཏོང་དགོས་པ་བཅས་རེད།
བཞི། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དོ་སྙོམས་འཕེལ་རྒྱས་ཀྱི་གྲུབ་ཚུལ་ཆགས་རྒྱུར་ཤུགས་རྒྱག་དགོས།
འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ས་ཁོངས་མཉམ་སྒྲུབ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གལ་ཆེ་མཉམ་དུ་འཛིན་པ། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཉམ་མཐུད་བཅས་བྱས་ཏེ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རིང་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་གཏོང་བ་དང་ཉམས་ཞན་ཁྱབ་ཁོངས་ལ་ཤུགས་སྣོན་རྒྱག་སྐབས་འཕེལ་རྒྱས་ཀྱི་རྟིང་ཤུགས་ལ་ཤུགས་སྣོན་རྒྱག་དགོས།
(གཅིག)ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། (གཉིས)གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས་པ། (གསུམ)དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། (བཞི)དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཉམ་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
ལྔ། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་དགོས།
ལྗང་མདོག་རྒྱལ་ཕྱུག་དང་ལྗང་མདོག་དམངས་ཕན་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ལ་སྣོད་བཅུད་ཐོན་རྫས་སྤུས་ལེགས་དེ་བས་མང་བ་མཁོ་འདོན་བྱེད་པ། སྣོད་བཅུད་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཕྱུག་པོ་དང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པ། ཀྲུང་གོ་མཛེས་སྡུག་ལྡན་པ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
(གཅིག)མི་དང་རང་བྱུང་ཁམས་མཐུན་སྦྱོར་མཉམ་གནས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། (གཉིས)ནུས་ཁུལ་གཙོ་བོ་སྐྲུན་མགྱོགས་སུ་གཏོང་དགོས་པ། (གསུམ)ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། (བཞི)ཕྱོགས་ཡོངས་ནས་ཐོན་ཁུངས་གྲོན་ཆུང་དང་ཕན་འབྲས་ཆེན་པོས་བེད་སྤྱོད་བྱེད་དགོས་པ། (ལྔ)ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། (དྲུག)སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་དགོས་པ་བཅས་རེད།
དྲུག སྒོ་དབྱེའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་མཉམ་ལས་གཉིས་ཕན་མངོན་འགྱུར་ཡོང་བར་ཤུགས་རྒྱག་དགོས།
ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གསར་པ་གཏོད་པར་ངེས་པར་དུ་ཕྱི་ཕྱོགས་སྒོ་དབྱེའི་གོ་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་དང་དཔལ་འབྱོར་ཚོང་དོན་མཉམ་ལས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཉམ་འདྲེས་གཏིང་ཟབ་བྱེད་པའི་གཉིས་ཕན་མཉམ་ལས་བྱེད་སྟངས་ཧུར་ཐག་ཆགས་པ་བྱེད་དགོས།
(གཅིག) ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་བཀོད་སྒྲིག་འཐུས་ཚང་དུ་གཏོང་དགོས་པ་དང་། (གཉིས)ཕྱི་ཕྱོགས་སྒོ་དབྱེའི་ལམ་སྲོལ་གསར་པ་ཆགས་པ་བྱེད་དགོས་པ། (གསུམ)“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ། (བཞི) ནང་ས་དང་། ཤང་ཀང་དང་ཨའོ་མོན་དང་། སྐམ་ས་ཆེན་པོ་དང་ཐའེ་དབན་ས་ཁུལ་དབར་གྱི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་དགོས་པ། (ལྔ)གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་དགོས་པ། (དྲུག)རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་ཧུར་ཐག་འཁུར་དགོས་པ་བཅས་རེད།
བདུན། མཉམ་སྤྱོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས།
མི་ཚང་མ་ཞུགས་པ་དང་། མི་ཚང་མས་ནུས་ཤུགས་གང་ཡོད་འདོན་པ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ལམ་ལུགས་འཐུས་ཚང་དུ་གཏོང་བ། སྔོན་དཔག་ལ་ཁྲིད་སྟོན་བྱེད་པ་དང་། གོ་སྐབས་དྲང་གཞག་ལ་སྣང་ཆེན་བྱེད་པ། གཞི་རྩའི་དམངས་འཚོ་འགན་སྲུང་བཅས་བྱས་ཏེ་མི་དམངས་ཡོངས་མཉམ་དུ་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པ་བྱེད་དགོས།
(གཅིག) སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་མང་དུ་གཏོང་དགོས་པ་དང་། (གཉིས) དབུལ་སྒྲོལ་འགག་སྒྲོལ་གྱི་འདུ་འགོད་ལག་བསྟར་བྱེད་དགོས་པ། (གསུམ)སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས་པ། (བཞི)ལས་ཞུགས་ལས་གཏོད་ལ་སྐུལ་མ་གཏོང་དགོས་པ། (ལྔ)ཡོང་འབབ་ཧེ་བག་ཆུང་དུ་གཏོང་དགོས་པ། (དྲུག)དེ་བས་དྲང་སྙོམས་དང་དེ་བས་རྒྱུན་མཐུད་ཐུབ་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་དགོས་པ། (བདུན)སྐྱོན་བྲལ་གྱི་ཀྲུང་གོའི་འཛུགས་སྐྱོང་ལ་སྐུལ་མ་གཏོང་དགོས་པ། (བརྒྱད)མི་འབོར་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས་པ་བཅས་རེད།
བརྒྱད། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་བཏང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མངོན་འགྱུར་ཡོང་ཆེད་འགྱུར་མེད་སྟོབས་ལྡན་གྱི་འགན་ལེན་ཡོང་བ་བྱེད་དགོས།
འཕེལ་རྒྱས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་གལ་ཆེན་དང་པོ་རེད། རིམ་ཁག་ཏང་ཨུད་ཀྱིས་ངེས་པར་དུ་འཕེལ་རྒྱས་ཆོས་ཉིད་ལ་ངོས་འཛིན་བྱེད་ཟབ་ཏུ་གཏོང་བ་དང་། འགོ་ཁྲིད་ཀྱི་འཕེལ་རྒྱས་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་མ་གཏོང་དགོས།
(གཅིག)ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། (གཉིས) མི་དམངས་མང་ཚོགས་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་སྐུལ་སློང་བྱེད་དགོས་པ། (གསུམ) ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་མགྱོགས་སུ་གཏོང་དགོས་པ། (བཞི)ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་ཁྲིམས་སྐྱོང་གི་རྣམ་པ་དང་ཁྲིམས་སྐྱོང་གི་གོམས་གཤིས་བཟང་པོ་ཆགས་རྒྱུར་སྐུལ་འདེད་དང་འཕེལ་རྒྱས་གཏོང་དགོས། (ལྔ)སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་དགོས་པ། (དྲུག)“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གྲོས་འགོའི་དམིགས་ཚད་དང་ལས་འགན་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་བཅས་རེད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་མདུན་ལམ་འོད་སྟོང་འབར་བ་དང་ལས་འགན་ལྗིད་རྫོབ་ཆེ་བ་ཞིག་རེད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཀུན་སེམས་གཅིག་འགྲིལ། དཀའ་སྤྱད་འབད་འཐབ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རླབས་ཆེན་རྒྱལ་ཁ་མཉམ་དུ་ལེན་དགོས།།