མཚོ་སྔོན་བོད་སྐད་རྒྱང་སྒྲོག 2015-11-04
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་དགོང་མོར་ཧྲིག་ཨར་ནས་དུས་བཅད་ལྟར་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་འཇར་པན་གྱི་དབུ་བཞུགས་བློན་ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན་གཉིས་ནི་ཨེ་ཤ་ཡ་དང་འཛམ་གླིང་སྟེང་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཡིན། འདས་པའི་ལོ་འགའི་རིང་ལ། ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་ལོག་ལམ་དུ་སོང་བ་དེའི་རྒྱུ་རྐྱེན་གཙོ་བོ་ནི་འཇར་པན་ཕྱོགས་ཀྱིས་གསལ་བོར་ཤེས། བསླབ་བྱ་ཟབ་མོ་དེར་ནན་ཏན་སྒོས་སྤྱི་བསྡོམས་བྱེད་རན་ཡོད། ན་ནིང་ལོ་མཇུག་ཏུ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རིམ་བཞིན་ཡང་དག་པའི་ལམ་དུ་བསྐྱོད། དེ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྙོང་འཛིང་རང་བཞིན་གྱི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་ལ། བསྐྱར་དུ་རྒྱུན་ལྡན་གྱི་ལམ་དུ་སྐྱོད་པར་བྱེད་པའི་ལས་འགན་སྔར་བཞིན་ལྗིད་པས། ཕྱོགས་གཉིས་ཀྱིས་གཤམ་གྱི་བྱ་བ་གཙོ་བོར་བཟུང་སྟེ་ལེགས་སྒྲུབ་བྱེད་དགོས་པ་སྟེ། གཅིག་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་དམ་པོར་འཛིན་དགོས་པ་དང་། གཉིས་ནི་ཕྱོགས་གཉིས་བར་གྱི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས། གསུམ་ནི་ཕན་ཚུན་བར་གྱི་ཡིད་ཆེས་སྐྱེད་སྲིང་བྱེད་དགོས། བཞི་ནི་དངོས་གཉེར་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པ་བཅས་ཡིན་ཟེར།
ཨན་པེ་ཅིན་སན་གྱིས་བཤད་རྒྱུར། འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་བཅས་ཐད་ལ་འགན་འཁུར་ཡོད་པས། ཕྱོགས་གཉིས་ཀྱིས་དེའི་ཐད་ལ་མཉམ་དུ་བྱས་རྗེས་འཇོག་དགོས། ངས་བློ་བརྟན་འགྱུར་མེད་སྒོས་འཇར་པན་དང་ཀྲུང་གོ་གཉིས་ཀྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་ལྟར། འཇར་པན་དང་ཀྲུང་གོ་གཉིས་ཀྱི་འཐབ་ཇུས་གཉིས་ཕན་འབྲེལ་བའི་གཞི་རྩའི་བསམ་ཕྱོགས་བཅངས་ཏེ། འཇར་པན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་སྔར་ལས་ལེགས་བཅོས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ལ། འཇར་པན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་དངུལ་ལོར་དང་ནུས་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོབ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་འདོད་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10